ལོ་གཅིག་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་དམ་པོར་དམིགས་པ་དང་གཙོ་གནད་ལས་དོན་ལ་དམིཌ་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་ཆད་མེད་པར་གཏིང་ཟབ་བརྒྱབ་སྟེ། ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་པོ་ཡོང་བ་རྒྱུན་འཁྱོངས་དང་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གཏོད་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རྒྱུན་འཁྱོངས་བྱས་ཡོད།
འཐབ་ཇུས་ལ་དམིཌ་ནས་སྣེ་ཁྲིད་ལ་དམ་འཛིན་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་དམག་འཐབ་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བས། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རང་སྐྱོང་ལྗོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ནགས་ཚལ་དང་རྩྭ་ཐང་ཁྱབ་ཚད་92%ཟིན་ཡོད་པ་རེད།
ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད།
——《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད(2021ལོ་ནས་2035ལོ་བར)》བཟོས་ནས་གྲོས་འཆམ་བྱུང་བ་དང་།《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་དོ་དམ་བྱ་ཐབས་དང་དེ་བཞིན་ལེ་ལག་ཚང་བའི་དམིགས་ཚད་མ་ལག་11བཏོན་པ་དང་ལག་བསྟར་བྱས་པ། རྫོང་དང་ཆུས་13དང་། ཤང་དང་གྲོང་རྡལ་284 གྲོང་ཚོ་དང་གྲོང་ལྷན་3229བཅས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་བྱེད་སྒོ་སྤེལ་བ་རེད།
——སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཐོག་མ་སྒྲིག་འཛུགས་ཡག་པོ་བྱས་པས། སྐྱེ་ཁམས་ཤེས་དཔལ་དམངས་ཡོངས་ཀྱིས་མཉམ་སྐྲུན་དང་། མཉམ་སྤྱོད། མཉམ་རོལ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་རིམ་བཞིན་ཆགས་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་ཆུ་ཤུར་རྫོང་དང་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཁུལ་ཁག་ལྔ་པ་ཞེས་པའི་མིང་ཐོབ་ཡོད་པ་རེད།
ཞབས་ཞུར་དམིགས་ནས་དོ་དམ་ལ་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་བ།
2021ལོར་རང་ལྗོངས་ཀྱིས་ཁོར་ཡུག་དོ་དམ་ལ་གྲུབ་འབྲས་ཐོབ་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ་གྲོང་ཁྱེར་དང་ས་ཁུལ་རིམ་པའི“སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་དྲ་ཐོག་ཏུ་སྤྱོད་པ་བཅས་གསུམ་དང་གསལ་ཐོ་གཅིག”གི་གྲུབ་འབྲས་གཅིག་སྡུད་དང་མཛོད་འཇུག་ཡོངས་བསྒྲགས་ལེགས་སྒྲུབ་བྱས་ནས་དོ་དམ་ཚོད་འཛིན་ཚན་པ་850གཏན་འཁེལ་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་88.96%ཙམ་སྔོན་ལ་སྲུང་སྐྱོང་བྱེད་པའི་ཚན་པའི་ནང་བཅུག་པ་དང་། “སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་དྲ་ཐོག་ཏུ་སྤྱོད་པ་བཅས་གསུམ་དང་གསལ་ཐོ་གཅིག”གི་གྲུབ་འབྲས་དེ་འགྲིམ་འགྲུལ་དང་། ཐོན་ཁུངས་གསར་སྤེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་ནུས་ལྡན་ངང་སྤྱོད་ཐུབ་པ་བྱུང་བ་དང་། “མཐོ་གཉིས”རྣམ་གྲངས་དང་ཁེ་ལས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པ་མངོན་འགྱུར་བྱུང་ཡོད།
སྐྱེ་ཁམས་ཞབས་ཞུའི་ཐད་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཚོང་གཉེར་ཁོར་ཡུག་རང་འགུལ་ངང་ལེགས་སུ་བཏང་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ལས་རིགས་53གྱི་རིགས་144ཡི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་ཡིག་ཆར་ཞིབ་མཆན་འགོད་པའི་དབང་ཆ་གྲོང་ཁྱེར་དང་ས་གནས་ལ་སྤྲད་པ་རེད། རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་དབང་ཆས་བཅུ་ཆ་གཅིག་མ་གཏོགས་ཟིན་གྱི་མེད་པ་དང་དྲ་ཐོག་ཐོ་འགོད་བྱས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་ཡིག་ཆ་92.9%ཟིན་ཡོད་པ་རེད། ལས་རིགས་ཁག་30ཁོར་ཡུག་དཔྱད་དཔོག་གི་ཁྲིམས་སྒོ་རང་བཙན་གྱི་དབང་ཆའི་ནང་བཅུག་པ་དང་ལས་རིགས་ཁག་44ཡིས་ཁོར་ཡུག་དཔྱད་དཔོག་གི་གསལ་བཤད་ཁས་ལེན་ལམ་ལུགས་ལག་ལེན་བསྟར་ནས་སྦགས་བཙོག་འགོག་བཅོས་ཀྱི་ཆུ་ཚད་མཐོ་བ་དང་ཁོར་ཡུག་དོ་དམ་ཚད་ལྡན་ཡིན་པའི་ཁེ་ལས་579དྲང་ཕྱོགས་ཀྱི་གསལ་ཐོའི་དོ་དམ་ནང་སྔོན་ལ་བཅུག་ཡོད།
སྐྱེ་ཁམས་ལ་དམིཌ་ནས་སྲུང་སྐྱོང་ལ་དམ་འཛིན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཕན་འབྲས་སྲ་བརྟན་དང་ཆེ་རུ་བཏང་བ།
2021ལོར། རང་ལྗོངས་ཀྱིས་སྐྱེ་ཁམས་ཉམས་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བོད་ཀྱི་གཙང་པོ་དང་ཆུ་བོའི་ཆུ་འགོ་སྲུང་སྐྱོང་གི་སྤུས་རྟགས་གཏོད་པ། “བྱ་སྤྱོད་ཆེན་པོ་གསུམ་དང་ལས་གྲྭ་ཆེན་པོ་དགུར”སྤྱི་འདོམས་བྱེད་པ། ཆུ་བོ་གལ་ཆེན་33གྱིས་གཙོས་པའི་གཙང་པོ་དང་ཆུ་བོའི་ཆུ་འགོ་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་ནུས་པ་ཆེ་རུ་དང་ཞབས་ཞུའི་རིན་ཐང་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་127.1བཏང་སྟེ། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་ལེན་བསྟར་ཡོད།
གྲངས་གཞི་ལས་མངོན་པར། ལྗོངས་ཡོངས་ཀྱི་ཕྱུགས་བྱ་གསོ་ཚགས་ཀྱི་ཐོན་ཁུངས་ཅན་སྤྱོད་ཚད་92%ཟིན་པ་དང་། ཞིང་ལས་སྐྱེ་དངོས་གཙོ་བོར་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་41%ཟིན་པ། སོག་མ་ཕྱོགས་བསྡུས་ཐོག་སྤྱོད་ཚད་95%ཡན་ཟིན་པ་བཅས་རེད། དེ་དང་ཆབས་ཅིག་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར་31.39དོན་འཁྱོལ་བྱས་པ་དང་སྐྱེ་ཁམས་ལས་གནས་ཁྲི་46.62བཀོད་སྒྲིག་བྱས་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་མཁན་ལ་ཐོབ་སེམས་སྔར་བས་ཆེ་བ་ཡོད་པར་བྱས་ཡོད།