རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སྲུང་སྐྱོང་ཁུལ་སི་དང་། བོད་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས། དེ་བཞིན་ཀྲུང་གོ་ལྗང་མདོག་ཐེབས་རྩ་ལྷན་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག རི་ཀླུང་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་ཤིས་ཙེ་ཅང་སྐྱེ་ཁམས་སྲུང་སྐྱོང་ལྟེ་གནས་ཀྱིས་ལག་ལེན་བསྟར་བའི་ཡར་ཀླུང་གཙང་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་རྣམ་གྲངས་ཀྱི་ལོ་དང་པོའི་བརྟག་དཔྱད་བྱེད་མཇུག་འགྲིལ་ཞིང་། བརྟག་དཔྱད་བྱས་པ་ལས་ལྟ་ཞིབ་ཚད་ལེན་བྱ་ཡུལ་21ནས་གཟིག་སྐྱའི་འགུལ་སྐྱོད་པར་བརྙན་ཐེངས་44བླངས་པ་དེ་ཐོག་ནས་ཡར་ཀླུང་གཙང་པོའི་ས་ཁོངས་སུ་གཏན་འཇགས་ཀྱི་གཟིག་སྐྱའི་ཁྱུ་ཚོགས་ཡོད་པ་མཚོན་གྱི་ཡོད་པ་རེད།
གཟིག་སྐྱ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་ཡུལ་སྲོག་ཆགས་ཤིག་ཡིན་ལ། མིག་སྔར་ཀྲུང་གོའི་མངའ་ཁོངས་ཀྱི་སྟག་དང་། གཟིག གསའ་སོགས་བྱི་ལའི་རིགས་ཀྱི་སྲོག་ཆགས་ཆེ་གྲས་བཞིའི་ནང་གི་ཞིབ་འཇུག་དང་ཆ་འཕྲིན་ཉུང་ཤོས་ཀྱི་གྲས་ཤིག་ཀྱང་རེད། མིག་སྔར་ཡུན་ནན་གྱི་ལྷོ་རྒྱུད་དང་བོད་ཀྱི་ཤར་ལྷོའི་ཁུལ་དུ་ཁུངས་བཙན་གྱི་པར་བརྙན་ཟིན་ཐོ་ཡོད། དེས་ན་ཡར་ཀླུང་གཙང་པོའི་རོང་ཆེན་ཁུལ་ནི་མིག་སྔར་ཤེས་རྟོགས་ཐུབ་པའི་གཟིག་སྐྱའི་ཁྱུ་ཚོགས་ཁྱབ་ཚུལ་བརྟན་ཤོས་ཀྱི་ས་ཁོངས་སམ་ཡང་ན་ཀྲུང་གོའི་མངའ་ཁོངས་ཀྱི་གཟིག་སྐྱའི་གལ་འགངས་ཆེ་ཤོས་དང་མཐའ་མའི་འཚོ་གནས་ལ་འཚམ་ཤོས་ཀྱི་ས་ཆ་ཞིག་རེད།
“ད་ཐེངས་ཀྱི་བརྟག་དཔྱད་བྱེད་སྐབས་དམར་ཕྱིའི་པར་ཆས་80བཙུགས་པའི་གནས་དང་ས་ཚིགས་21ཚང་མ་ནས་གཟིག་སྐྱའི་འགུལ་སྐྱོད་པར་བརྙན་བླངས་ཡོད། གྲངས་གཞི་ལས་མངོན་པར། ས་བབ་མཐོ་ཚད་སྨི་700ནས་2400བར་ཚང་མར་གཟིག་སྐྱའི་འགུལ་སྐྱོད་ཟིན་ཐོ་ཡོད་པ་དང་འགུལ་སྐྱོད་ཁྱབ་རྒྱ་མེ་ཏོག་རྫོང་ཁོངས་ཀྱི་བརྟག་དཔྱད་ས་ཁོངས་ཚང་མར་ཁྱབ་པ་དེ་ལས་ཡར་ཀླུང་གཙང་པོའི་ས་བབ་ཀྱི་ཧེ་བག་ལས་བྱུང་བའི་སྣ་མང་སྐྱེ་ཁམས་མ་ལག་མངོན་ནས་གཟིག་སྐྱར་འཚོ་གནས་བྱ་ཡུལ་འདང་ངེས་ཤིག་མཁོ་འདོན་བྱས་ཡོད”ཅེས་རི་ཀླུང་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་སྲུང་སྐྱོང་ཀྲུའུ་རེན་ཀྲའོ་ཞང་གིས་བཤད།
གཟིག་སྐྱ་ནི་ཨེ་ཤེ་ཡ་ཤར་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ནགས་ཚལ་ཁྲོད་ཀྱི་ཤ་གཟན་སྲོག་ཆགས་གཙོ་བོ་ཡིན་པ་དང་མཛུབ་སྟོན་དངོས་རིགས་ཤིག་ཡིན་པའི་ངོས་ནས་གཟིག་སྐྱའི་འཚོ་གནས་གནས་ཚུལ་ལས་ས་ཁོངས་ཀྱི་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་གང་ལེགས་མཚོན་གྱི་ཡོད།
“འཚོ་གནས་ཁུལ་ལ་གཏོར་བཤིག་བཏང་བ་དང་ཁྲིམས་འགལ་ཉོ་ཚོང་གི་ཤུགས་རྐྱེན་ཕོག་ནས་འདས་ཟིན་པའི་ལོ་ཉི་ཤུའི་ནང་གཟིག་སྐྱ་དར་མའི་གྲངས་འབོར་མགྱོགས་མྱུར་ཉུང་དུ་སོང་ནས་སྟོངས་ཉེར་ཡོད། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དེ་ཀྲུང་གོའི་གཟིག་སྐྱའི་གལ་ཆེ་ཤོས་ཀྱི་འཚོ་གནས་ལ་འཚམ་པའི་ས་ཆར་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་དང་དངོས་རིགས་དེ་ཀྲུང་གོ་ནས་མ་སྟོངས་པ་བྱེད་དགོས”ཞེས་ཀྲའོ་ཞང་གིས་གསར་འགོད་པར་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཚན་ཞིབ་ཚོགས་པས་གོམ་སྟབས་རྗེས་མར་གཟིག་སྐྱ་སོགས་ལ་དམིགས་ནས་དེ་བས་དམིགས་སའི་རང་བཞིན་གྱི་བརྟག་དཔྱད་བྱས་ཏེ་ཡར་ཀླུང་གཙང་པོའི་རོང་ཆེན་ས་ཁོངས་ཀྱི་གཟིག་སྐྱ་ཁྱབ་ཚུལ་ལ་རིམ་བཞིན་མཐིལ་རྟོགས་བྱས་ནས། ཀྲུང་གོའི་བརྟན་ཤོས་ཀྱི་ཁྱུ་ཚོགས་དེར་སྲུང་སྐྱོང་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།