དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི“བོད་ཀྱི་རྒྱུགས་ལན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-25

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ།

    རྒྱལ་ལམ་317ལམ་ཐིག་བརྒྱུད་ནག་ཆུ་གྲོང་ཁྱེར་ནས་མཚོ་གཉིས་རྫོང་དུ་འགྲོ་སྐབས་ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱང་ལྟ་བྱེད་སྐབས་རྐྱང་དང་། གཙོད། དགོ་བ་སོགས་རི་སྐྱེས་སྲོག་ཆགས་ཁྱུ་དང་ཁྱུ་བཞིན་རྩྭ་ཐང་སྟེང་བག་ཕེབས་ངང་འཚོ་ཞིང་། གཞུང་ལམ་གྱི་གཞོགས་གཉིས་ཀྱི་མངོན་གསལ་དོད་སར་སྲོག་ཆགས་ལ་གཡོལ་དགོས་པ་དང་དུང་བརྡ་གཏོང་མི་ཆོག་པའི་བྱང་བུ་བཙུགས་ཏེ། འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་མི་ཚོགས་ལ་རང་རྟོགས་ངང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད།

    1974ལོར《རི་སྐྱེས་སྲོག་ཆགས་དང་རི་སྐྱེས་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཧུར་ཐག་དང་ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གིས་ཁྲུང་ཁྲུང་མཇིང་ནག་དང་། གཙོད། འབྲོང་། རྩེབ་གཉག རྐྱང་། ཤ་བ་མཆུ་དཀར་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ་ལམ་ཡང་ན་རྔོན་རྒྱག་བཀག་སྡོམ་ཁུལ་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་རེད། 2020ལོ་བར་ཁྱོན་རང་བྱུང་སྲུང་སྐྱོང་ཁུལ་81བཙུགས་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་35.94%བཟུང་ཡོད།

    སྐྱིད་གྲོང་རྫོང་ནི་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ནང་གནས་པ་དང་དེ་གར་ནགས་ཚལ་སྟུག་པ་དང་གསའ་དང་སྤྲེའུ་མཇུག་རིང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དང་། ཁྲི་སྙན་ས་ལེ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་འཚོ་སྡོད་བྱེད་ཀྱི་ཡོད།

    ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3.3ཙམ་ཟིན་པ་དེ་གཞིས་རྩེ་གྲོང་ཁྱེར་དིང་རི་དང་སྐྱིད་གྲོང་སོགས་རྫོང་4དང་འབྲེལ་བ་ཡོད།

    ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་20ལྷག་ཙམ་སོང་རིང་། སྲུང་སྐྱོང་ཁུལ་དུ་སྒལ་རུས་སྲོག་ཆགས་རིགས་200ལྷག་ཙམ་ཡོད་པའི་ཟིན་ཐོ་བཀོད་པ་དང་ལྷག་པར་དུ་མིག་སྔར་གསའ་ཡི་གྲངས་འབོར་200ཙམ་ཡོད་པ་རེད།

    སྲུང་སྐྱོང་གི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་བཏང་བ།

    1985ལོར། རང་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་ཁག་དང་པོ་བཙུགས་པ་རེད།

    1986ལོར། མེ་ཏོག་རང་བྱུང་སྲུང་སྐྱོང་ཁུལ་དེ་བོད་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་པོར་གྱུར་བ།

    1988ལོར། རང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་གཞི་དང་པོ་སྟེ། ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་དོན་ཨུ་ལྷན་བཙུགས་པ་རེད།

    2015ལོར། རང་ལྗོངས་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ཏེ། དོ་དམ་ཅུས་དང་འཛུགས་སྐྲུན་དོ་དམ་ས་ཚིགས་བཙུགས་པ་དང་ཆེད་ལས་བདག་སྐྱོང་རུ་ཁག་བཙུགས་ནས་འགྲིམ་འགྲུལ་དང་། སྐོར་སྲུང་། ལྟ་ཞིབ་ཚད་ལེན་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་དོ་དམ་ཅུས་དང་། ཡན་ལག་དོ་དམ་ཅུས། དོ་དམ་ས་ཚིགས་བཅས་རིམ་གསུམ་དོ་དམ་མ་ལག་ཕྱོགས་ཡོངས་ནས་བཙུགས་ཐོག་སྲུང་སྐྱོང་ཁུལ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཆ་འཕྲིན་ཅན་བཅས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད།

    བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་རྫོང་བདུན་ཚུད་པ་དང་། ཁྱོན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་29.8ཡོད་པ་དེ་མིག་སྔར་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་རེད།

    ལོ་55ལ་སླེབས་པའི་བུ་ཆུང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་པ་ཞིག་ཡིན་ཞིང་། བུ་ཆུང་གི་བུ་རབས་ཚ་རྒྱུད་བྱང་ཐང་མི་མེད་ལུང་སྟོང་གི་མཐར་གནས་པའི་མངའ་རིས་ས་ཁུལ་རུ་ཐོག་རྫོང་ཨ་རུ་གྲོང་ཚོར་འཚོ་བ་སྐྱེལ་བ་དང་དུས་རབས་20པའི་ལོ་རབས་90པར་ཁོང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པར་གྱུར་ནས་སྙིང་ནས་གཅེས་པའི་རི་སྐྱེས་སྲོག་ཆགས་རྣམས་སྲུང་སྐྱོང་བྱེད་འགོ་ཚུཌ།

    ནག་ཆུ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། ཁོང་ཚོར་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཤེས་བྱ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཀོལ་སྤྱོད་བཅས་ཀྱི་ཆེད་ལས་གསོ་སྦྱོང་བྱས་པ་རེད། ད་ཆ་བུ་ཆུང་དང་ལས་རོགས་ཚང་མས་GPSགནས་གཏན་འཁེལ་ཡོ་ཆས་དང་རབ་གསལ་རྒྱང་ཤེལ་སོགས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བྱང་ཆུབ་པའི་སྒོ་ནས་བེད་སྤྱོད་བྱེད་ཤེས་ཀྱི་ཡོད།

    བཅའ་ཁྲིམས་དང་ཁྲིམས་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ།

    རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་རང་བྱུང་ཐོན་ཁུངས་ཁྲིམས་ལྟར་སྲུང་སྐྱོང་བྱེད་ཆེད། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱིས་སྤྱི་དམངས་ཀྱི་མི་ལུས་ལ་གནོད་འཚེ་བཟོས་པའམ་ཡང་ན་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་ཁ་གསབ་བྱེད་ཐབས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》སོགས་ལག་བསྟར་བྱས་པ་དང་། 《རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་དེའི་ཐོན་ཟོག་ཕྱིར་ཚོང་དང་། ཉོ་སྒྲུབ། སྐྱེལ་འདྲེན། གཉེར་སྐྱོང་བེད་སྤྱོད་བཅས་ཀྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ》དང《གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་འཐུ་བ་དང་དེའི་ཐོན་ཟོག་སྐྱེལ་འདྲེན་དང་། ལས་སྣོན། གཉེར་སྐྱོང་བེད་སྤྱོད་ཀྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ》སོགས་བཀྲམ་པ་རེད།

    “བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་དག་གིས་རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སོགས་ཐོན་ཁུངས་སྲུང་སྐྱོང་དོ་དམ་ལས་དོན་ལ་གཞི་འཛིན་ས་ཡོད་པ་དང་ཁྲིམས་ལྟར་སྲུང་སྐྱོང་དང་ཚད་ལྡན་དོ་དམ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་རྡོ་རྗེས་བཤད།

    སྲུང་སྐྱོང་སྲིད་ཇུས་དང་བྱེད་ཐབས་རེ་རེ་ལག་བསྟར་བྱས་པ་དང་སྦྲགས། རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲངས་གཞི་ལས་མངོན་གསལ། 2020ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་ཞིབ་ཐེངས་གཉིས་པ་བྱེད་རིང་བོད་ཀྱི་དངོས་རིགས་གསར་པ་ཁག་5དང་། ཀྲུང་གོས་གསར་དུ་ཐོ་འགོད་བྱས་པའི་དངོས་རིགས་ཁག་5 རང་སྐྱོང་ལྗོངས་ཀྱིས་གསར་དུ་ཐོ་འགོད་བྱས་པའི་དངོས་རིགས་ཁག་23བཅས་དངོས་སུ་བཏོན་པ་རེད། སྲུང་སྐྱོང་གི་དངོས་རིགས་ཀྱི་ཁྱུ་ཚོགས་ཕལ་ཆེ་བའི་གྲངས་འབོར་སླར་གསོའི་རང་བཞིན་གྱི་སྒོ་ནས་མངོན་གསལ་དོད་པོ་འཕར་བ་དང་། དུས་རབས་གོང་མར་གཙོད་ཀྱི་ཁྱུ་ཚོགས་གྲངས་འབོར་ཉུང་ཤོས་སྐབས་ཁྲི་7ལས་མེད་པ་དང་ད་ཆ་ཁྲི་30ལྷག་ཙམ་ཟིན་པ་དང་། འབྲོང་གི་ཁྱུ་ཚོགས་ཀྱི་གྲངས་འབོར་དུས་རབས་གོང་མར་སྟོང་ཕྲག་ཁ་ཤས་ལས་མེད་པ་དང་ད་བར་ཁྲི་2ལྷག་ཙམ་ཟིན་པ། ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་དུས་རབས་གོང་མར་2000ཙམ་ཡང་ཟིན་གྱི་མེད་པ་དང་ད་བར་ཁྲི་གཅིག་ལྷག་ཙམ་ཟིན་པ། སྤྲེལ་ཁྲ་དུས་རབས་གོང་མའི་དུས་མཇུག་ཏུ་600ཡང་མེད་པ་དང་ད་ཆ་800ལྷག་ཙམ་ཟིན་པ། དེ་སྔ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོངས་ཟིན་པར་ངོས་འཛིན་བྱས་པའི་བོད་ཀྱི་ཤ་བ་སེར་ཆེན་ཐོག་མར་རྙེད་སྐབས་ཀྱི་200ལྷག་ཙམ་ནས་ད་བར་3500ལྷག་ཙམ་ཟིན་པ་མ་ཟད་ཁྱུ་ཚོགས་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།