ཟླ་2ཚེས་9ཉིན་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། 2022ལོའི་དཔྱིད་གསར་དུས་ཆེན་རིང(ཟླ་1ཚེས་31ནས་ཟླ་2ཚེས་6ཉིན་བར)རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་43.83ཙམ་ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་40.7%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་3.15བྱུང་བ་དེ་དུས་མཚུངས་ལས་46.5%འཕར་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་24.15ཙམ་ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་33.64%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་2.46བྱུང་བ་དེ་དུས་མཚུངས་ལས་32.25%འཕར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་། རང་ལྗོངས་སུ་ཡུལ་སྐོར་བ་སྐྱོད་མང་བའི་མཛེས་ལྗོངས་ཁུལ(ས་ཚིགས)ནི་ཕོ་བྲང་པོ་ཏ་ལ་དང་། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ། ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་སོགས་ཡིན་པ་དང་། ཕོ་བྲང་པོ་ཏ་ལས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་27956ཙམ་ལ་སྣེ་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འགུག་པ། ལྗོངས་ནང་ཁུལ་གྱི་ངལ་གསོ་རིང་གི་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བྱེད་པ། རང་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་རེས་སྐོར་བཞི་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད། ས་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་ཁྲོམ་རའི་སྐུལ་སྤེལ་བྱེད་སྒོའི་དུས་མཚམས་གཉིས་པའི་སྲིད་ཇུས་2022ལོའི་ཟླ་3ཚེས་9ཉིན་བར་ནར་འགྱངས་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་། དེའི་རིང་དགོན་སྡེ་ཕུད་པའི་ལྗོངས་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཚང་མའི་སྤ་སེ་རིན་མེད་ཡིན། དེ་མིན་ད་དུང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས“བོད་ལྗོངས་ཀྱི་མི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་བསྡད་དེ་དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱ་དགའི་བྱ་ཐབས་བཏོན་ནས་ས་གནས་ཁག་གི་ཡུལ་སྐོར་བར་ཕན་བདེ་བསྐྲུན་པ་དང་། དུས་མཚུངས་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཁེ་ལས་ཀྱི་དཀའ་ངལ་སེལ་ཤུགས་སྔར་བས་ཆེ་རུ་བཏང་བས་རང་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་ནང་ཁུལ་འཁོར་རྒྱུག་དང་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད།