“སྔོན་ཆད་ལྕི་བ་བུད་ནས་དྲོད་ཁུག་ཐབས་བྱེད་སྐབས་ཁང་པའི་ནང་རྡུལ་གྱིས་ཁེངས་པ་དང་། སྐབས་རེ་ནམ་མཁའ་ཡང་སྐྱ་བོར་གྱུར” པ་སངས་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་གྱི་གྲོང་མི་ཡིན་ཞིང་། འདི་ལོ་དགུན་ཁ་ཤར་མ་ཐག་ཁོང་གིས་སྒོར་1000ལྷག་ཙམ་བཏང་ནས་རང་བྱུང་སོལ་རླངས་ཉོས་ཡོད། ལོ་7གོང་དུ་ཁྱིམ་དུ་རང་བྱུང་སོལ་རླངས་ཁྲིད་རྗེས། ལྕི་བ་བུད་ནས་དྲོད་ཁུག་ཐབས་བྱེད་དགོས་མི་འདུག དེས་མ་ཚད་ཁང་པའི་ནང་དེ་བས་དྲོ་རུ་ཕྱིན་པ་མ་ཟད། ལྷ་སའི་ནམ་མཁའ་ཡང་དེ་བས་གཡའ་དག་ཏུ་ཕྱིན་སོང་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་དགུང་སྔོན་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་ཡོད། སྐྱེ་ཁམས་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་གསར་ཤོས་ལས་མངོན་པར། ན་ནིང་གི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མཁའ་རླུང་སྤུས་ཚད་མིང་གྲལ་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་གྲོང་ཁྱེར་དེ་ཉིད་ཨང་གཉིས་པར་སླེབས་ཡོད། ལྷ་ས་གྲོང་ཁྱེར་དེ་ཉིད་ལོ་མང་བསྟུད་མར་མིང་གྲལ་དེའི་ཨང་དང་པོ་ནས་བཅུ་པའི་གྲས་སུ་ཚུད་པ་དང་། ཟླ་བ་ཁག་གཅིག་ད་དུང་མིང་གྲལ་གྱི་ཨང་དང་པོར་སླེབས་ནས། གནམ་སྔོན་པོ་དང་སྤྲིན་དཀར་པོ་དེ་བོད་ཀྱིས་འཛམ་གླིང་ལ་བསྟན་པའི་བཀྲག་མདངས་ཆེ་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
རང་བྱུང་སོལ་རླངས་ནི་བོད་ཀྱི་ནུས་རྒྱུ་གཙང་མ་གཙོ་གྲས་སུ་གྱུར་པ་དང་། ནམ་མཁའ་དེ་བས་སྔོ་བ་དང་མཁའ་རླུང་དེ་བས་གཙང་མ་ཡོང་བར་བྱེད་པའི“གསང་རྟགས”ཤིག་ཏུ་གྱུར་ཡོད། གསར་འགོད་པར་འབར་རླངས་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་བཅུ་ཆ་དགུ་ཡན་དུ་རང་བྱུང་སོལ་རླངས་ཁྲིད་ནས་དྲོད་རླངས་མཁོ་འདོན་བྱས་པ་དང་། དྲོད་རླངས་གཅིག་སྡུད་མཁོ་འདོན་བྱེད་འགོ་མ་ཚུགས་གོང་། རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་166གསོག་འཇོག་བྱས་པ་དང་། ཉིན་རེར་ད་དུང་LNGགཞོང་འཁོར་10ཡིས་མཚོ་སྔོན་གྱི་གོར་མོ་ནས་རང་བྱུང་སོལ་རླངས་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་30ཙམ་ལྷ་སར་ཟམ་མི་ཆད་པར་དབོར་གྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་མཁའ་རླུང་གི་སྤུས་ཚད་ཡག་པོ་ཡོང་བའི་འགན་ལེན་བྱ་ཆེད། ཁྲའེ་ཡིའུ་སྣུམ་རླངས་འཁོར་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལག་ལེན་བསྟར་བ་དང་། ཐོར་ཟིང་བཙོག་གསུམ་གྱི་ཁེ་ལས་ལ་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་བ་བརྒྱུད། ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་བསྡུར་ཚད་89.5%ཟིན་ཡོད། བོད་ཀྱིས་ད་དུང་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྦགས་བཙོག་ཆེ་བ་དང་ཟད་གྲོན་ཆེ་བའི་རླངས་འཁོར་རྙིང་པ་རིམ་བཞིན་མེད་པར་བཟོས་ཏེ། ནུས་རྒྱུ་གཙང་མའི་སྤྱི་སྤྱོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་ཁྱབ་གདལ་བཏང་ཡོད།
ལྷ་སའི་གྲོང་མི་སྤེན་པས་ད་ཆ་རང་ཉིད་དང་གྲོགས་པོ་མང་པོ་ཞིག་གིས་སྣུམ་སྒུལ་རླངས་འཁོར་དེ་གློག་སྒུལ་རླངས་འཁོར་ལ་བརྗེས་པ་ཡིན། གཙང་སྦྲ་དོད་ལ་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་སྒོར་ཁྲི་ཡན་གྱི་རླངས་འཁོར་ཉོ་བྱེད་ཀྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་འདུག་ཅེས་བཤད།
བོད་ཀྱི་མཁའ་རླུང་སྤུས་ཚད་ཡག་ཏུ་སོང་ནས་དགུང་སྔོན་དེ་བས་ཀྱང་གཡའ་དག་པར་གྱུར་ཡོད། མངའ་རིས་གནམ་དཔྱད་སྟེགས་བུ་དེ་ཐག་རིང་ལུང་ཁུག་གི་བོད་ཀྱི་ནུབ་རྒྱུད་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི་5000ལས་བརྒལ་བ། འགྲོ་ལམ་ཀྱག་ཀྱོག་ཡིན་མོད། འོན་ཀྱང་ཡུལ་སྐོར་དུ་ཡོང་མཁན་གྱི་རྒྱུན་ཆད་མྱོང་མེད། མངའ་རིས་གནམ་དཔྱད་སྟེགས་བུའི་ཐའེ་ཀྲང་ཀྲོའུ་ཡུན་ཧོ་ཡིས་གནམ་དཔྱད་སྟེགས་བུ་དེ་ཉིད“དྲ་ཐོག་མིང་ཅན་སྐྱོད་ས”གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད།