ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་པ་ནི། ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད་ཅེས་གསུངས་ཡོད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ཧུར་ཐག་བྱེད་པ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་ལས། ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་གང་ལེགས་མཚོན་པ་དང་། ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་འདུན་པ་མཚོན་ཡོད་ཅེས་གསལ་པོ་བཏོན་ཡོད་པ་རེད།
སྔོ་ལྗང་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་ཀྱིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། བོད་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“གཙང་པོ་གཉིས་དང་ཆུ་བོ་བཞི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ། མྱང་ཆུ། ཡར་ཀླུང་ཆུ་བོ། སེང་གེ་ཁ་འབབ)བཅས་རྒྱུག་ཁུལ་དུ་ཤིང་འཛུགས་ནགས་བཟོའི་ལས་གྲྭ་ལག་བསྟར་བྱས་ཏེ། གཅིག་སྡུད་ཡུག་སྦྲེལ་གྱི་མི་ཐབས་ལ་བརྟེན་ནས་ནགས་བཟོ་བྱས་པ་བརྒྱུད་ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ་སོགས་གཙང་པོ་དང་ཆུ་བོ་ཆེན་པོའི་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་ཐུབ་ཡོད། ད་ཆ་མུའུ་ཁྲི་31ཟིན་པའི་འགོག་སྲུང་ནགས་ཚལ་ཁག་དང་པོ་སྔོ་འགྱུར་བྱུང་ནས་ས་མཐོའི་གཙང་པོ་བྱེ་ཐང་ཅན་སྔོན་འགོག་ནུས་ལྡན་ཐུབ་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་ལས་གྲྭ་ལག་བསྟར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། བྱང་ཐང་དང་ཇོ་མོ་གླང་མ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་རང་བྱུང་སྲུང་སྐྱོང་ཁུལ་མུ་མཐུད་ལེགས་སུ་དང་བསྡུ་སྒྲིལ་ཐུབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
མིག་སྔར་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བོད་བྱང་ཐང་གི་འབྲོག་པ་མང་ཚོགས་780ཆེད་ལས་དོ་དམ་པར་གྱུར་ནས། ས་མཐོའི་སྲོག་ཆགས་སྲུང་སྐྱོབ་ཀྱི་བྱ་གཞག་ལ་ཞུགས་ཡོད་པ་རེད།
སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས། རང་ལྗོངས་ཀྱི་སྐྱེ་དངོས་སྣ་ཚོགས་ཀྱི་གྲངས་འབོར་ཟམ་མི་ཆད་པར་མང་དུ་སོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། རང་སྐྱོང་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་བྱེད་ཐེངས་གཉིས་པའི་བརྟག་དཔྱད་གྲངས་གཞི་ལས་མངོན་པར། རང་ལྗོངས་སུ་ད་ལྟ་སྐམ་སའི་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་1072ཡོད་པ་དང་། དངོས་རིགས་གསར་པ་5དངོས་སུ་བཏོན་པ། གསར་དུ་ཤེས་རྟོགས་བྱུང་བའི་ཀྲུང་གོའི་ཟིན་ཐོ་གསར་པའི་དངོས་རིགས་5དང་རང་སྐྱོང་ལྗོངས་ཀྱི་ཟིན་ཐོ་གསར་པའི་དངོས་རིགས་23ཡོད་པ་རེད། སྲུང་སྐྱོང་སྲོག་ཆགས་ཁྱུ་ཚོགས་མང་ཆེ་བའི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ནས། གཙོད་ཀྱི་གྲངས་འབོར་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར་ཁྲི་7ཡང་མ་ཟིན་པ་ནས་མིག་སྔའི་ཁྲི་30ཙམ་བར་མང་དུ་ཕྱིན་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་20པར་2000ཡང་མ་ཟིན་པ་ནས་ད་ཆ་ཁྲི་ཡན་ཟིན་ཡོད་པ་རེད། དེ་སྔ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོངས་ཟིན་སྙམ་པའི་བོད་ཀྱི་ཤྭ་བ་སེར་ཆེན་ཤེས་རྟོགས་བྱུང་སྐབས་ཀྱི་མགོ་གྲངས་200ལྷག་ཙམ་ནས་ད་ཆ་མགོ་གྲངས་800ཡན་ཟིན་པ་མ་ཟད། ད་དུང་ཁྱུ་ཚོགས་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། གསའ་དང་། གཉན། གནའ་བ་སོགས་རི་སྐྱེས་སྲོག་ཆགས་སླར་གསོ་མངོན་གསལ་དོད་པོ་བྱུང་ནས། རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་ཐོག་མའི་རང་བྱུང་རྣམ་པ་གཞི་རྩའི་ཆ་ནས་རྒྱུན་འཁྱོངས་ཐུབ་ཡོད།
ད་ཆ་སྐྱེ་ཁམས་སྲུང་སྐྱོང་གི་འཆར་གཞི་བཀོད་ཟིན་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ། དངོས་གཉེར་ལས་སྒྲུབ་དང་། རང་འགན་ནན་སྒྲུབ། ལས་ལ་བརྩོན་པ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བཞིན་ཡོད།