དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱི་རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47.14%ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-12-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལ་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་202.3དོན་འཁྱོལ་བྱས་པ་དང་། ནགས་ཚལ་ཁྱབ་ཚད་12.14%ནས་12.31%བར་མང་དུ་ཕྱིན་པ། རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་42.3%ནས་47.14%བར་མཐོ་རུ་ཕྱིན་ཡོད།

    ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་སྒང་གཞིས་གྲོང་ཚོ་དེ་ཉིད་དེ་སྔ་ཐང་རྒོད་ཅིག་ཡིན་པས་གང་སར་རྡོ་ཧྲུག་དང་བྱེ་མས་ཁེངས་ཡོད། མི་ཐབས་ལ་བརྟེན་ནས་ཐང་རྒོད་དེར་རིང་ཚད་མིའི་གཟུགས་ཚད་ཀྱི་ཕྱེད་ཀ་ཙམ་ཟིན་པའི་གྲོ་རྩྭ་ལྗང་ཁུ་མུའུ་1500བཏབ་པ་དེས་ས་གནས་དེ་གར་གསོན་ཤུགས་རྒྱས་ཡོད།

    གྲོ་རྩྭ་ལྗང་ཁུ་ནི་ཀྲུང་གོ་ཚན་རིག་ཁང་གིས་ཞིབ་སྤེལ་བྱས་པའི་ས་མཐོའི་གྲང་ངར་ཐེག་ཐུབ་པའི་རྩི་ཤིང་ཞིག་ཡིན་པས་རྩ་བ་རྒྱས་ཤིང་སྐྱེ་འཚར་མགྱོགས་ལ་ཐན་པ་ཐེག་ཐུབ་པ་དང་ས་རྒྱུ་ཞན་པོར་སྐྱེ་ཐུབ་པ་མ་ཟད། ད་དུང་གྲང་འགོག་གི་ནུས་པའང་ཆེན་པོ་ལྡན་ཡོད།

    བོད་ལྗོངས་ས་མཐོའི་རྩྭ་ལས་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་རྩྭ་འདེབས་རྣམ་གྲངས་ཀྱི་མཛུབ་ཁྲིད་པ་ལི་ཡུང་ཧྲེང་གིས་གྲོ་རྩྭ་ལྗང་ཁུ་ནི་དཔྱིད་ཀར་བཏབ་ནས་ཟླ་བ་བཅུ་པར་བསྡུ་བ་དང་། སྐྱེ་འཚར་དུས་སུ་བྱེ་འགོག་བྱེ་འཇགས་ཐུབ་ཀྱི་ཡོད། གཟན་རྩྭ་བརྔ་བསྡུ་བྱས་རྗེས་དེའི་རྩྭ་བ་ལུད་དུ་གྱུར་ཏེ་ས་རྒྱུ་གཤིན་དུ་འགྲོ་གི་ཡོད་ཅེས་ངོ་སྤྲོད་བྱས།

    སྟོན་དུས་ནི་ས་མཐོར་ལོ་ཏོག་བསྡུ་བའི་དུས་ཚིགས་ཡིན། སྒང་གཞིས་གྲོང་ཚོའི་གྲོང་མི་ལྷག་པ་ཚེ་རིང་གིས“ད་ཆ་དེ་སྔ་ལས་ཧ་ཅང་གི་སྐྱིད་པ་ཡོད། 

    དེ་སྔ་འདི་གའི་གང་སར་བྱེ་མས་ཁེངས་པ་དང་ན་ཁ་ཧ་ཅང་དཀོན་པོ་ཡོད་པས་ཕྱུགས་རིགས་ཀྱི་གཟན་རྩྭ་ཡང་འདང་གི་མེད། གྲོ་རྩྭ་ལྗང་ཁུ་བཏབ་རྗེས་སྒོ་ཕྱུགས་ལ་གཟན་རྩྭ་ཡོད་པ་མ་ཟད། ད་དུང་ཁོར་ཡུག་ཀྱང་ཧ་ཅང་ལེགས་སུ་ཕྱིན་ཡོད”ཅེས་བཤད།

    ཐང་རྒོད་སྔོ་ལྗང་དུ་འགྱུར་བ་ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ལྟ་བར་འགྱུར་ལྡོག་ཕྱིན་པ་ལས་བྱུང་བ་ཞིག་རེད། 2020ལོར་སྒང་གཞིས་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་རྩྭ་འདེབས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ལོ་དེ་རང་ལ་གཟན་རྩྭ་མུའུ་8ཚོད་འདེབས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དེས་ན། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་དང་གཞིས་ཆེན་ཤང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ས་གནས་དེས་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་སོགས་ཚན་པ་དང་འབྲེལ་བ་བྱས་ཏེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་འདུ་ཤེས་དང་དུ་བླངས་པས་གཞི་ཁྱོན་ལྡན་པའི་འདེབས་འཛུགས་ཐུབ་ཡོད།

    གཞིས་ཆེན་ཤང་གི་ཤང་ཀྲང་བདེ་ཆེན་གཡུ་སྒྲོན་གྱིས་མིག་སྔར་ཤང་ཡོངས་ཀྱི་འབྲོག་པ་600ཙམ་རྩྭ་འདེབས་ལས་ལ་ཞུགས་ནས་དུད་ཚང་རེར་ལོའི་ཆ་སྙོམས་འབབ་འཕར་སྒོར་1000ཟིན་ཡོད་ཅེས་གསར་འགོད་པར་བཤད།

    སྒང་གཞིས་གྲོང་ཚོར་རྩྭ་བཏབ་པ་ནི་བོད་ཀྱི་རྩྭ་ཐང་སླར་གསོ་དང་རྩྭ་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་བྱེ་འགོག་བྱེ་བཅོས་དང་། རྨོ་བསྐྱུར་སྐྱས་སྤོས། ནགས་གསོ་རྩྭ་གསོ། འདམ་ར་གཙོ་བོ་སྲུང་སྐྱོང་དང་སླར་གསོ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གྲྭ་གཙོ་བོ་ལག་བསྟར་ཤུགས་ཆེན་བྱས་པས་ནགས་ལས་དང་རྩྭ་ཐང་གི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་བྱུང་སྟེ་ནགས་བཟོ་མུའུ་ཁྲི་596.48ལེགས་གྲུབ་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཡར་ཀླུང་གཙང་པོའི་དབུས་སྟོད་རྒྱུད་དང་། སེང་གེ་ཁ་འབབ་རྒྱུག་ཁུལ། བུམ་ཆུ་རྒྱུག་ཁུལ་སོགས་སྐྱེ་ཁམས་ཀྱི་ས་ཁམས་གལ་ཆེན་དང་སྐྱེ་ཁམས་ཉམས་ཞན་གྱི་གཅིག་སྡུད་ཡུག་སྦྲེལ་བྱེ་ཁུལ་བཀག་སྡོམ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་མང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།