དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2021ལོའི་ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་རི་འཛེག་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-12-07

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། བོད་རང་སྐྱོང་ལྗོངས་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཅུས་དང་མཉམ་དུ་ལྷ་སར་2021ལོའི་ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་རི་འཛེག་སྤེལ་རེས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཅུས་དང་། རི་འཛེག་མཐུན་ཚོགས། རི་འཛེག་རུ་ཁག ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭའི་འཐུས་མི། དེ་བཞིན་ནེ་པ་ལའི་རི་འཛེག་མཐུན་ཚོགས་དང་ཕ་ཁི་སི་ཐན་རི་མཐོའི་སྤྲོ་ཁང་བཅས་ཀྱི་འབྲེལ་ཡོད་ཁོངས་མིས་རི་འཛེག་ཁོར་ཡུག་སྲུང་སྐྱོང་དང་། རི་འཛེག་རོགས་སྐྱོབ། རི་འཛེག་ཐོན་ལས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གཙོ་དོན་གཏམ་བཤད་སྤེལ་བ་དང་མཉམ་འགུལ་སྤེལ་རེས་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཀྲུའུ་ཞི་ཉི་མ་ཚེ་རིང་གིས། རིམས་ནད་ཀྱི་རྒྱབ་ལྗོངས་འོག་འཛམ་གླིང་གི་རི་འཛེག་ལུས་རྩལ་གྱི་སླར་གསོར་དཀའ་ཚེགས་དང་བར་ཆད་མང་པོ་ཕྲད་ཡོད། འགག་རྩའི་དུས་འདི་འདྲར། ཕྱོགས་གསུམ་པོས་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་། ཧི་མ་ལ་ཡའི་རི་འཛེག་དང་རི་སའི་ཕྱི་རོལ་ལུས་རྩལ་སོགས་ཀྱི་འགྲན་བསྡུར་བྱེད་སྒོའི་སྤུས་རྟགས་གཏོད་པ། རི་འཛེག་དང་རི་སའི་ཕྱི་རོལ་ལུས་རྩལ་ལ་དགའ་པོ་ཡོད་མཁན་གྱི་དགའ་ཚལ་ཡིན་པའི་ཆ་ནས་ཕྱོགས་གསུམ་པོའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཐེབས་ནུས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས། ཧི་མ་ལ་ཡའི་རི་རྒྱུད་དང་ཁུ་ནུ་རི་བོའི་རི་རྒྱུད་ཀྱི་རི་རྩེའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་བྱེད་པའི་ཐུན་མོང་གི་དམིགས་ཚད་དང་རེ་འདོད་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་དགོས་ཞེས་བརྗོད་པ་རེད།

    ནེ་པ་ལ་ཕྱོགས་དང་ཕ་ཁི་སི་ཐན་ཕྱོགས་ཀྱི་འཐུས་མིས། ད་ཐེངས་ཀྱི་བྱེད་སྒོས་རིམས་ནད་རྗེས་སུ་ཕྱོགས་གསུམ་པོས་མཉམ་ལས་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།

    ནེ་པ་ལའི་རི་འཛེག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལཱ་མས། རི་ས་ནི་རིར་འཛེག་མཁན་དང་རི་ལ་དགའ་བའི་མིའི་རྒྱབ་རྟེན་དང་གཟི་བརྗིད་རེད། ནེ་པ་ལའི་རི་འཛེག་མཐུན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕ་ཁི་སི་ཐན་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཧི་མ་ལ་ཡའི་ཁུལ་གྱི་རི་སའི་ཐོན་ཁུངས་སྲུང་སྐྱོང་ལ་མཉམ་དུ་ཤུགས་སྣོན་བརྒྱབ་ནས། རི་འཛེག་ལུས་རྩལ་དང་། རི་སའི་ཐོན་ལས། ཁོར་ཡུག་སྲུང་སྐྱོང་བྱ་གཞག་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ཕ་ཁི་སི་ཐན་རི་མཐོའི་སྤྲོ་ཁང་གི་ཀྲུའུ་ཞི་ས་ཏིས། ཕ་ཁི་སི་ཐན་རི་མཐོའི་སྤྲོ་ཁང་གིས་འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ལ་ཧུར་ཐག་ཞུགས་ནས། གནམ་གཤིས་འགྱུར་ལྡོག་གི་ཉེན་ཁར་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། རི་མཐོའི་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ཏེ། ཧི་མ་ལ་ཡའི་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ད་དུང་བྱེད་སྒོ་སྤེལ་རིང་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་སྤེལ་བའི་དྲིལ་བསྒྲགས་པར་གཞི་དང་ཕྱི་འབྲེལ་པུས་གོ་ལ་ཧྲིལ་པོར་བོད་ལྗོངས་ངོ་སྤྲོད་བྱེད་པའི་དྲིལ་བསྒྲགས་བརྙན་ལམ་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།