དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐྱེ་ཁམས་མཛེས་ཤིང་ལྟ་ན་སྡུག འཚོ་བ་སྐྱིད་ཅིང་གནས་བཟོད་བདེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-28

    ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་སྐྱེ་ཁམས་གྲོང་གསེབ”བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྒྲིག་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་རིས་གསར་པ་ཞིག་ཆགས་ཡོད།

    ཁོར་ཡུག་ལེགས་སུ་ཕྱིན་ནས་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པ།

    འདི་ལོ་ལོ་77ལ་སླེབས་པའི་མཚམས་གཅོད་ཀྱིས་རྒྱལ་ཁབ་ཀྱི་ཁ་གསབ་སྒོར་2000ལ་རང་ཉིད་ཀྱིས་སྒོར་3000བསྣན་ནས་གནམ་ཁང་ཅན་གྱི་གསང་སྤྱོད་ཅིག་བསྐྲུན་པ་རེད། ཁོ་མོས“དེ་སྔའི་གསང་སྤྱོད་ལ་ཐོག་ཁེབས་མེད་པས་ཆར་པ་དང་གངས་བབས་དུས་སྟབས་བདེ་པོ་མེད། ད་ཆའི་གསང་སྤྱོད་གསར་པར་ཐོག་དང་སྒེའུ་ཁུང་ཡོད་པས་ག་དུས་སྤྱོད་དགོས་ཀྱང་ཧ་ཅང་སྟབས་བདེ་པོ་འདུག ངའི་ཁྱིམ་ཙམ་མ་ཡིན་པར་གྲོང་ཚོའི་ནང་གི་དུད་ཚང་ཚང་མས་གསང་སྤྱོད་གསར་པ་བརྒྱབ་སོང”ཞེས་བཤད།

    གཞན་ཡང་། ཕྱུགས་རིགས་གཅིག་སྡུད་ཐོག་ཕྱུགས་ཚང་དུ་གསོ་བ་དེར་མཚམས་གཅོད་ཧ་ཅང་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ཁོ་མོས“ཕྱུགས་རིགས་ཁྱིམ་དུ་གསོ་སྐབས་གང་སར་ལྕི་བས་ཁེངས་ཀྱི་ཡོད། གཅིག་སྡུད་ཐོག་ཕྱུགས་ཚང་དུ་གསོས་རྗེས་ཁྱིམ་དུ་གཙང་སྦྲ་དོད་པ་མ་ཟད། གཟུགས་པོ་སྔར་བས་བདེ་ཐང་དུ་གྱུར་སོང”ཞེས་བཤད།

    འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་རྗེས་མཚམས་གཅོད་ཁྱིམ་གྱི་འཕྲོད་བསྟེན་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ནས་སྡེ་ཁུལ་གྱི་ཟླ་7པའི་འཕྲོད་བསྟེན་སྐོར་སྐྱོད་དར་དམར་རག་པ་རེད།

    དོན་མཁར་སྡེ་ཁུལ་ནི་འཕྱོངས་རྒྱས་རྫོང་གི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དཔེ་སྟོན་གྲོང་ཚོའི(སྡེ་ཁུལ)གྲས་ཤིག་རེད། 2019ལོ་ནས་བཟུང་འཕྱོངས་རྒྱས་རྫོང་གིས་སྔ་རྗེས་སུ་སྡེ་ཁུལ་དེར་ས་ཆུ་ཤོར་སྐྱོན་སྲུང་སྐྱོང་དང་། ལུག་གཅིག་སྡུད་དུ་དྲོད་ལྡན་ལྷས་རར་གསོ་ཚགས། སྐྱེ་ཁམས་སྒོ་ར། གྲོང་ཚོའི་བཙོག་འབུད། མི་ཕྱུགས་ལོགས་དབྱེ་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་དོན་མཁར་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    དམིགས་ཚད་འདི་མངོན་འགྱུར་བྱ་ཆེད། དོན་མཁར་སྡེ་ཁུལ་གྱིས“ཏང་ཡོན་དང་མང་ཚོགས་ཀྱིས་མཉམ་སྐྲུན་དང་། ཏང་སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད། ཏང་ཀྲི་པུས་འགན་འཁུར། ཏང་ཡོན་གྱིས་ཡུག་ཁུལ་འགན་གཙང་ལེན་པ། མང་ཚོགས་ཀྱིས་དུམ་བུ་འགན་གཙང་ལེན་པ། སྔོན་འདེམས་ལེགས་འདེམས”བཅས་ཀྱི་མཉམ་སྐྲུན་ལམ་སྲོལ་བཟོས་ཏེ“གཙང་སེལ་བརྒྱད”དང“བཙོག་བཅོས”ཀྱི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་། གང་བྱུང་དུ་འཛུགས་སྐྲུན་དང་། བུད་ཤིང་དང་གཟན་རྩྭ་གང་སར་སྤུངས་པ་སོགས་གཙོ་བོར་བྱེད་པའི“ཟིང་བཅོས”བྱ་སྤྱོད་དང་། དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་སྒོ་ར་སྒྱུར་བཀོད་གཙོ་བོར་བྱེད་པའི“ཞན་བཅོས”བྱ་སྤྱོད། ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར་དང་། གད་སྙིགས་རིགས་དབྱེ་དར་སྤེལ། སྒྲིག་བཀོད་རྙིང་པ་གསར་བརྗེ་བཅས་གཙོ་བོར་བྱེད་པའི“རྙིང་བསྒྱུར”བྱ་སྤྱོད་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་གྲོང་མིའི་འཕྲོད་བསྟེན་འདུ་ཤེས་ཟབ་ཏུ་དང་སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་བཏང་བ་རེད།

    ཐོན་ལས་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་བཏང་བས་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་པ།

    འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོ་ནི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོའི(སྡེ་ཁུལ)མཚོན་བྱེད་གྲོང་ཚོ་ཞིག་རེད། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་བརྟེན་ནས་2019ལོར་ཆང་ཁྱིམ་གྲོང་ཚོ་རང་སྐྱོང་ལྗོངས་རིམ་པའི“མཛེས་སྡུག་ལྡན་པའི་སྤྲོ་གསེང་དཔེ་སྟོན་གྲོང་ཚོར”བདམས་ཏེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་གྲོང་ཚོ་དང་འབྱོར་ཕྱུག་གྲོང་ཚོ་ཞིག་ཏུ་གྱུར། “ང་ཚོར་ཐོབ་པའི་གྲུབ་འབྲས་འདི་དག་ནི་ཏང་དང་སྲིད་གཞུང་གིས་ཚང་མའི་སྣེ་ཁྲིད་དེ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་བ་ལས་བྱུང་བ་ཞིག་རེད”ཅེས་གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་དཀར་ཏོག་གིས་གསར་འགོད་པར་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་དེ་ལྟར་བཤད།

    འདི་ལོ་ལོ་40ལ་སླེབས་པའི་བློ་བཟང་ཆོས་འཛོམས་ནི་གྲོང་ཚོ་དེའི་གཞུང་ལམ་བདག་སྐྱོང་བ་ཞིག་ཡིན་པ་དང་གཟའ་འཁོར་རེའི་གཟའ་ཟླ་བ་ནས་པ་སངས་བར་འགན་གཙང་བླངས་པའི་ཡུག་ཁུལ་གྱི་གྲོང་གསེབ་གཞུང་ལམ་ལ་གད་རྒྱག་གི་ཡོད་ལ། ལོ་གཅིག་ཁོ་ནར་ཡོང་འབབ་སྒོར་ཁྲི་1ཟིན་གྱི་ཡོད། “གཞུང་ལམ་གཙང་མ་ཡོད་ན་གྲོང་ཚོ་སྔར་བས་མཛེས་སྡུག་ལྡན་པར་གྱུར་ནས་ཡུལ་སྐོར་བ་མང་དུ་འགྲོ་བ་དང་ང་ཚོའི་ཡོང་འབབ་ཀྱང་མང་དུ་འགྲོ་ཡི་ཡོད”“ད་ཆ་གྲོང་ཚོའི་དུད་ཚང་37གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བར་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ཙམ་ཡོད”ཅེས་བློ་བཟང་ཆོས་འཛོམས་ཀྱིས་གསར་འགོད་པར་དགའ་སྤྲོའི་ངང་བཤད།

    ཡུལ་སྐོར་མཉམ་ལས་ཁང་བཙུགས་པ་ཕུད། འདི་ལོའི་ཟླ་3པར་ཆང་ཁྱིམ་གྲོང་ཚོར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་ནས་ཆང་སྙོལ་བཟོ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཆང་ཁྱིམ་གྱི་ནས་ཆང་དང་། ཆང་ཁྱིམ་གཞིས་ཀ ཆང་ཁྱིམ་གླིང་ཁ་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་སྡེ་ཞིག་བཏོད་པ་རེད། ལྷོ་ཁ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཆང་ཁྱིམ་ནས་ཆང་སྙོལ་བཟོའི་ལག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དཀར་ཏོག་གིས་ལག་རྩལ་འདི་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་འཁྲིད་རྩིས་ཡོད། “ད་ཆ་ཡག་པོ་འདུག ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲོང་ཚོར་ནས་ཆང་བཟོ་གྲྭ་བསྐྲུན་པས་ངའི་ལག་རྩལ་ངོམ་ས་ཡོད་པར་གྱུར་སོང་ལ་མི་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་སོང” “ན་ནིང་ང་ཚོའི་གྲོང་ཚོར་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་16400ཟིན་ཡོད། ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་འདི་ལོ་ཚང་མར་ཡོང་འབབ་དེ་བས་མང་བ་ཡོང་རྒྱུ་རེད”ཅེས་དཀར་ཏོག་གིས་གསར་འགོད་པར་བཤད།

    སྐྱེ་ཁམས་མཛེས་ཤིང་ཡུལ་སྲོལ་བཟང་བ།

    ལོ་རྒྱུས་ཐོག་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་ནི་ནགས་ཚལ་སྟུག་པོ་ཡོད་པའི་དབང་གིས་སྐད་གྲགས་ཡོད་མོད། འོན་ཀྱང་ཕྱིས་སུ་ས་གནས་དེ་གའི་མང་ཚོགས་ཀྱིས་ཚང་མ་བཅད་པ་རེད། གཡུ་གཤོངས་སྔོན་མོ་གྲམ་ཐང་དུ་གྱུར་པ་ནི་མི་རྣམས་བློ་ཕམ་སྐྱེ་དགོས་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས“ལྗོངས་ཡོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་སྔོ་འགྱུར་ནགས་བཟོའི་འདུ་འགོད”ནང་བཅུག་པའི་གོ་སྐབས་དང་བསྟུན་ནས་ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ཏེ་ནགས་སའི་རྒྱ་ཁྱོན་མུའུ་6463.84བར་ཆེ་རུ་བཏང་བ་རེད།

    ལོ་13ནས་འོས་འགན་ཤིང་འཛུགས་ནང་ཞུགས་ནས་ལོ་47སོང་བའི་ཁྲང་དཀར་གྲོང་ཚོའི་མང་ཚོགས་བློ་གྲོས་ཀྱིས་ལོ་བཅུ་གྲངས་ཉིན་གཅིག་ལྟར་ཤིང་འཛུགས་ནགས་བཟོ་རྒྱུན་འཁྱོངས་བྱེད་པའི་གཏམ་རྒྱུད་ལས་ཁྲང་དཀར་གྲོང་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཁོང་གི་སྐུལ་ཁྲིད་འོག་གྲོང་ཚོ་དེའི་མང་ཚོགས་ཚོས་རང་འགུལ་ངང་ཞིང་ཁའི་མཐའ་འཁོར་དང་ཁང་པའི་རྒྱབ་མདུན་དུ་ལྗོན་ཤིང་བཏབ་ཡོད་པ་རེད།

    “གྲོང་ཚོར་སྔོ་ལྗང་གིས་བརྒྱན་ནས་འཚོ་བ་མཛེས་སྡུག་ལྡན་པར་གྱུར་སོང་། ངས་ལུས་པོ་འགུལ་ཐུབ་ཙམ་བྱུང་ན་མུ་མཐུད་ལྗོན་ཤིང་འདེབས་ཀྱི་ཡིན”ཞེས་བཤད། ད་ཆ་བློ་གྲོས་ཀྱིས་འོས་འགན་ཤིང་འཛུགས་མཐའ་འཁྱོངས་བྱེད་པ་མ་ཟད། ད་དུང་གྲོང་ཚོའི་ནགས་སྲུང་བའི་འགན་འཁུར་ནས་ཉིན་ལྟར་རང་ཉིད་ཀྱི་ཕྲུ་གུར་གཅེས་སྐྱོང་བྱེད་པ་ལྟར་ནགས་ཁུལ་སྲུང་སྐྱོང་ནན་ཏན་བྱེད་ཀྱི་ཡོད། ཁོང་གིས“ཤིང་འཛུགས་ནགས་བཟོ་ནི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་པའི་བྱ་བ་བཟང་པོ་ཞིག་ཡིན་པས་ང་ཚོས་མུ་མཐུད་མཐའ་འཁྱོངས་བྱེད་དགོས”ཞེས་བཤད་པ་རེད།

    འཕྱོངས་རྒྱས་རྫོང་དུ་བློ་གྲོས་དང་འདྲ་བའི་མང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཁོང་ཚོས་ལོ་བཅུ་གྲངས་ཉིན་གཅིག་ལྟར་ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་པར་རང་ཉིད་ཀྱི་ལེགས་སྐྱེས་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།