དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འགྲིམ་འགྲུལ་འཕོ་འགྱུར་ཆེན་པོ་ལས། ཡུལ་སྐོར་ལས་རིགས་དར་ཞིང་རྒྱས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-09-14

    བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ཏེ་གངས་ལྗོངས་ས་མཐོ་འདི་ཉིད“བསྐྱར་དར་རྟགས་ཅན”གྱི་དུས་རབས་སུ་དངོས་སུ་སླེབས། མཁའ་འགྲུལ་དང་། ལྕགས་ལམ། རིམ་མཐོའི་གཞུང་ལམ་སོགས་ལས་གྲུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བར་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་རྫས་ཟམ་མི་ཆད་པར་བཏོན་པས་བོད་ཀྱི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ལམ་བུར་སྐྱོད།

    གཙང་པོ་ལང་ལོང་དུ་རྒྱུག་པ་དང་ནགས་ཚལ་སྔོ་ཐིང་ཐིང་དུ་གནས་པ་མ་ཟད། ཉང་ཆུའི་ངོགས་གཉིས་སུ་སྨུག་པས་འཁྲིགས་ཤིང་། དབྱར་དུས་ཀྱི་ཉིང་ཁྲིར་ཡུལ་སྐོར་གྱི་རྫོགས་ལྡན་དུས་སྐབས་ཤར། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་སྟོབས་རྒྱལ་གྱིས་ཞོགས་པ་སྔ་པོ་ནས་ལངས་ཏེ་རླངས་འཁོར་བཏང་ནས་སྤྱི་ལེ་1ཙམ་གྱི་སར་ཡོད་པའི་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་མགྲོན་པོ་བསུ་བར་ཕྱིན། སྟོབས་རྒྱལ་གྱིས་རླངས་འཁོར་གྱི་སྒེའུ་ཁུང་ཕྱི་ནས་རྒྱང་ལྟ་བྱེད་སྐབས་གནམ་གྲུ་ཞིག་ལུང་གཞུང་བརྒྱུད་གནམ་ཐང་དུ་བབས་པ་མཐོང་། འཁོར་ལམ་བཞི་ལྡན་གྱི་ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དེ་གྲོང་ཁུལ་ནས་གནམ་ཐང་བར་སྣུར་སྲིང་བྱས་ཤིང་། ཉང་ཆུའི་ངོགས་སུ་བསྐྲུན་པའི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ལྷ་ཉིང་ལྕགས་ལམ་ཐོག“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཡོང་རྒྱུར་སྒུག་བཞིན་ཡོད། ལམ་ཐག་ཐུང་ཡང་བོད་ཀྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་འཕོ་འགྱུར་མངོན་ཡོད།

    “དེ་སྔོན་འགྲིམ་འགྲུལ་ཆ་རྐྱེན་ཞན་པས་ཐག་རིང་ལུང་ཁུག་གི་རི་གྲོང་དུ་ཡོང་མཁན་ཉུང་ཉུང་རེད། ད་ཆ་ལྕགས་ལམ་དང་། གནམ་ཐང་། གཞུང་ལམ་བཅས་སྒོ་འགྲམ་དུ་ཤར་གཏོང་ཐུབ་པས་ང་ཚོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་སྣེ་ལེན་ཞུ་ཆོག”ཅེས་སྟོབས་རྒྱལ་གྱིས་བཤད། ཁོང་གི་ཁྱིམ་ཚང་མགྲོན་ཁང་དེ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བམ་གྲོང་གྲོང་ཚོར་གནས་པ་དང་། དེ་ནི་ཐུན་མོང་མ་ཡིན་པའི་བོད་བཟོའི་ཐོག་སོ་གསུམ་ལྡན་གྱི་ཁང་པ་ཞིག་ཡིན་པ་དང་མགྲོན་ཁང་8དང་ཉལ་ཁྲི་12ཡོད། འདི་ནི་ཡུལ་སྐོར་བ་གནམ་ལྕགས་འབར་བ་དང་ཡར་ཀླུང་གཙང་པོའི་རོང་ཆེན་སོགས་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། ཡུལ་སྐོར་བ་མང་བའི་དུས་སུ་སྟོབས་རྒྱལ་གྱི་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད་པས་ཉིན་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་ཙམ་ཟིན་གྱི་ཡོད།

    སྟོབས་རྒྱལ་གྱིས་དེ་སྔ་བྱེ་རྡོ་སྔོག་འདོན་གྱི་ལས་ཀ་བྱེད་མྱོང་ཡོད། བོད་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་འགྲོ་བའི་དུས་བབ་དང་བསྟུན་ནས་2018ལོར་ཁོང་གིས་བྱེ་རྡོ་སྔོག་འདོན་གྱི་འཕྲུལ་ཆས་བཙོངས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་རེད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་མཐོང་སྐབས་སྟོབས་རྒྱལ་དང་བཟའ་ཟླ་བདེ་སྐྱིད་ཀྱིས་གྲོས་བསྡུར་བྱས་ནས་སླར་ཡང་མ་དངུལ་སྒོར་ཁྲི་100ལྷག་ཙམ་བཏང་སྟེ་འགྲུལ་པ་སྡོད་སའི་ཁང་མིག་11གསར་དུ་བསྐྲུན་པ་དང་། དུས་མཚུངས་ད་དུང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཡུལ་ཟོག་འགྲེམས་ཚོང་ཁང་ཞིག་བསྐྲུན་ནས་ཡོང་འབབ་མང་དུ་བཏང་སྟེ་ཉེ་འཁོར་གྱི་གྲོང་མི་ཁྱིམ་མཚེས་ཚོར་སྐུལ་ཁྲིད་བྱ་རྩིས་ཡོད་པ་རེད།

    ཉིང་ཁྲིའི་འགྲིམ་འགྲུལ་གྱི་འགྱུར་ལྡོག་ནི་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཆེན་པོ་ཕྱིན་པའི་བསྡུས་རིས་ཤིག་རེད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་བརྒྱུད་བོད་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་དང་། རིམ་མཐོའི་གཞུང་ལམ། ལྕགས་ལམ། གནམ་ཐང་བཅས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་ཆགས་ནས་གངས་ལྗོངས་ས་མཐོའི་རི་མཐོ་གྲོག་རོང་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་བཅས་གཅིག་ཏུ་སྦྲེལ་ཡོད། ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱུང་ནས་ཐོན་སྐྱེད་དང་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་གཏོང་མང་ཤོས་དང་ཆ་རྐྱེན་ལེགས་སུ་སྐྲུན་མང་ཤོས་ཀྱི་དུས་སྐབས་ཤིག་ཡིན་ཞིང་། བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར་2515ལྷག་ཙམ་བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་3.7རེད། 2020ལོའི་ལོ་མཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.66ཟིན་པ་དེ་2015ལོའི་ལོ་མཇུག་ལས་48.9%འཕར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་3.83སྣུར་སྲིང་བྱུང་ནས་ཆ་སྙོམས་ལོ་རེར་སྤྱི་ལེ་7660བསྐྲུན་པའི་ས་མཐོའི་ངོ་མཚར་བྱས་རྗེས་བཏོད་པ་དང་། ལོ་ལྟར་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གྱི་བསྡོམས་འབོར་ལས་རིང་བ་ཡོད།

    གཞན་ཡང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་གསར་པ་67ཤར་གཏོང་ཐུབ་པ་དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་21མང་དུ་ཕྱིན་པ། ལོ་ལྔའི་རིང་གསར་དུ་ཤར་གཏོང་ཐུབ་པའི་མཁའ་ལམ་གྱི་གྲངས་འབོར་དེ་སྔོན་གྱི་ལོ་50ཡི་བསྡོམས་འབོར་ལས་བརྒལ་ཡོད། རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2480ལྷག་ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་དུས་མཚུངས་ལས་83%འཕར་ཡོད་པ་རེད།

    བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཡུལ་སྐོར་བར་དེ་བས་མགྱོགས་པ་དང་དེ་བས་སྟབས་བདེའི་ཕྱིར་སྐྱོད་བྱེད་སྟངས་སྤྱོད་རྒྱུ་བྱུང་བས་མི་རྣམས་ལ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པའི་དུས་ཚོད་དེ་བས་མང་བ་བྱུང་བ་དང་དེ་བས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཉམས་ལེན་ཐུབ་ཡོད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.3དང་ལྡབ་2.4སོ་སོར་ཟིན་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་གཞོན་པ་ཅིས་གཡོད་ཀྱིས་འགྲིམ་འགྲུལ་ནི་བོད་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་གནའ་བོའི་གངས་ལྗོངས་ས་མཐོས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འཛམ་གླིང་དང་དེ་བས་འབྲེལ་མཐུད་དམ་ཟབ་བྱ་རྒྱུ་རེད་ཅེས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།