མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐོར་གྱི་མཐོང་ཐོས།
མངའ་རིས་སྤུ་ཧྲེང་རྫོང་གྲོང་ནས་ཐོན་ཏེ་རླངས་འཁོར་ལ་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས་བཅར་འདྲི་ཚོགས་ཆུང་དང་བཅས་པ་ས་བབ་མཐོ་ཚད་སྨི་4700ཟིན་པའི་བར་ག་ཤང་གངས་ས་གྲོང་ཚོར་འབྱོར་ཞིང་། དེ་ནི་མངའ་རིས་ཀྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་གྲོང་ཚོ་ཞིག་རེད།
ཧང་སངས་དགོས་པ་ཞིག་ལ་གྲོང་མི་ཨུ་ལྷན་གྱི་གཞུང་ལས་ཐོག་བརྩེགས་ཁང་དུ་སྐྱོད་སྐབས་གྲོང་མི་མང་པོ་ཞིག་ཕྱི་རྒྱལ་གྱི་སྐད་ཡིག་སྦྱོང་བཞིན་འདུག སློབ་ཚན་གྲོལ་རྗེས་གསར་འགོད་པར་ལོ་46ལ་སླེབས་པའི་བསྟན་པས་བསམ་བློ་གང་ཡང་མ་བཏང་བར“Hello”དང“Are you Ok”ཞེས་བཤད་བྱུང་།
མངའ་རིས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་གྲོང་མི་དཀྱུས་མ་ཚོས་ད་དུང་དབྱིན་ཡིག་སྦྱོང་དགོས་དོན་གང་ཡིན་པ་དེར་གསར་འགོད་པ་ཡ་མཚན་ཆེན་པོ་སྐྱེས་བྱུང་། བསྟན་པས“ང་ནི་ཁལ་མ་སྐྱེལ་འདྲེན་རུ་ཁག་གི་རུ་མི་ཞིག་ཡིན། ཡུལ་སྐོར་བས་འགྲོ་སོང་མང་པོ་བཏང་ནས་ཡུལ་སྐོར་ལ་ཡོང་བ་ཡིན་པས། ང་ཚོས་ཁོ་ཚོར་ཞབས་འདེགས་ཡག་པོ་ཞུ་དགོས། གལ་སྲིད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཕྲད་ཚེ་ངས་དབྱིན་སྐད་བརྒྱབ་ནས་ཁོ་ཚོ་དང་སྤེལ་རེས་བྱ་ཆོག”ཅེས་བཤད།
“ཡུལ་སྐོར་གྱི་ཡོང་འབབ”ནི་གྲོང་ཚོ་ཆུང་ཆུང་དེའི་འཕེལ་རྒྱས་ཀྱི་ཁྱད་ཆོས་རེད། གྲོང་ཚོ་ཆུང་ཆུང་དེས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོར་སྣེ་ལེན་ཞུ་གི་ཡོད། འོན་ཀྱང“ཡོང་འབབ”དེ་ལས་སླ་པོར་བྱུང་བ་ཞིག་མིན་ལ། “ཡོད་མེད”ནས“ཡག་མིན”བར་འཕེལ་རྒྱས་བྱུང་བར་འདུ་ཤེས་ཀྱི་འགྱུར་ལྡོག་ཐེངས་མང་བརྒྱུད་མྱོང་བ་རེད།
བཅོས་སྐྱོང་གི་ཐབས་ལམ།
“ལྟ་བར་འགྱུར་ལྡོག་དང་བསམ་ཕྱོགས་དོན་འཁྱོལ་བྱེད་དགོས”
1981ལོར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དང་བསྟུན་ནས་གངས་ས་བའི་མི་རབས་རྗེས་མ་ཚོས་གངས་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཕྱུགས་འཚོ་མཚམས་བཞག་སྟེ་རང་ཁྱིམ་གྱི་ཁལ་མ་དང་རྟ་ལ་བརྟེན་ནས་ཡུལ་སྐོར་བར་སྐྱེལ་འདྲེན་གྱི་ཞབས་འདེགས་ཞུས་པ་རེད། དུས་དེ་ནས་བཟུང་། གངས་ས་གྲོང་ཚོའི་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ལས་དེར་ཞུགས་ནས“ཡུལ་སྐོར་ཡོང་འབབ”རག་ཐབས་བྱས། ལོ་40སོང་བའི་དེང་གི་དུས་སུ་གངས་ས་གྲོང་ཚོའི་དུད་ཚང་338ཀྱི་མི་1164བར་འཕར་ཞིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4ལྷག་ཙམ་ཟིན་པ་དང་། གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་74ཡི་མི་196ཡང་2019ལོར་དུས་བཀག་ལྟར་དབུལ་གྲོལ་བྱུང་ཡོད།
གངས་ས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འགྱུར་མེད་རྡོ་རྗེར་རང་ཉིད་ཀྱི་ལྟ་བ་ཞིག་ཡོད་པ་སྟེ། ཡུལ་སྐོར་ཐོན་ཁུངས་ནི་གལ་འགངས་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་གངས་ས་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བའི་འགག་རྩ་ནི་ལྟ་བར་འགྱུར་ལྡོག་བཏང་ནས་བསམ་ཕྱོགས་དོན་འཁྱོལ་བྱས་པར་ཐུག་ཡོད། དེ་ནི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་པའི་འབྲས་བུ་ཞིག་རེད། དེ་དག་ཚང་མ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད། གངས་ས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་འགྱུར་མེད་རྡོ་རྗེ་ནི“གངས་ས་གྲོང་ཚོའི་ཁལ་མ་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས”འཛུགས་མཁན་རེད་ལ། གངས་ས་གྲོང་ཚོའི“ཁལ་མ་སྐྱེལ་འདྲེན་རུ་ཁག”ཀྱང་ཁོང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག་གོམ་སྟབས་རེ་རེ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་རེད།
“ཁལ་མ་སྐྱེལ་འདྲེན་རུ་ཁག”གི“རིམ་པ་སྤོར་བའི”ལམ་བུའི་སྐོར་གླེང་སྐབས། ལོ་54ལ་སླེབས་པའི་གྲོང་མི་དཀོན་མཆོག་བཀྲ་ཤིས་ཀྱིས། “དང་ཐོག་འབྲོག་དུད་ཚང་མས་རང་འགུལ་ངང་ཡུལ་སྐོར་བར་རྟ་འཁྲིད་རོགས་དང་དངོས་ཟོག་དབོར་རོགས་བྱས་ཀྱང་། ཉིན་རེར་མང་ཤོས་ལ་སྒོར་15ལས་རག་གི་མེད”ཅེས་དྲན་གསོ་བྱེད་བཞིན་བརྗོད།
དཀོན་མཆོག་བཀྲ་ཤིས་ཀྱིས་དུས་ད་ལྟའང་ཡིད་ལ་གསལ་པོར་དྲན་པ་ནི། དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར་ཁོང་གིས་མཐོང་བའི་འཛའ་ཐང་ཆེ་ཤོས་ཀྱི་མི་དམངས་ཤོག་སྒོར་ནི་10ལོར་རེད། རྟ་ཁྲིད་ནས“ཉིན་གླ་རྒྱུག་པར”བསྐྱོད་ན་འཚོ་བ་འཁྱོལ་ཙམ་ལས་མེད། ཁྱིམ་དུ་གློག་ཆས་གཅིག་ཀྱང་མེད་ལ་ཡུལ་མི་གཞན་དག་ཀྱང་དེ་ལྟར་རེད།
དུས་རབས་གོང་མའི་ལོ་རབས་90པའི་སྐབས། ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བསྟུན་ནས་ཡུལ་མིའི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཏེ་གངས་ས་གྲོང་ཚོར་མནའ་མར་ཡོང་མཁན་ཡང་ཇེ་མང་དུ་སོང་ཞིང་། 1995ལོར་ཡུལ་མི་ཚོས་ཁ་པར་དང་བརྙན་འཕྲིན་གཅིག་རྗེས་གཉིས་མཐུད་ངང་ཉོ་འགོ་ཚུགས་ཡོད།
“ཁལ་མ་སྐྱེལ་འདྲེན་རུ་ཁག”གི་ཐོན་ལས་རིམ་བཞིན་སྟོབས་ཆེར་ཕྱིན་ཞིང་། གངས་རིན་པོ་ཆེར་ཡུལ་སྐོར་དུ་ཡོང་མཁན་ཡང་1996ལོའི་ལོ་རེར་མི་སུམ་སྟོང་བཞི་སྟོང་ནས་ལོ་བཅུའི་རྗེས་ཀྱི་ལོ་རེར་མི་ཁྲི་བདུན་བརྒྱད་བར་མང་དུ་ཕྱིན་ཡོད། དུས་དེར་འཕེལ་རྒྱས་ལ་རྙོག་དྲ་གསར་པ་ཞིག་ཕྲད་པ་ནི། གྲོང་ཚོ་ཨུ་ལྷན་གྱིས་དོན་དག་ཆེ་ཆུང་མེད་པར་ཚང་མར་དོ་དམ་བྱེད་པ་ནི་ལུགས་དང་མི་མཐུན་པས། ཁྲོམ་རས་ཐག་གཅོད་བྱེད་པའི་ལས་དག་ཁྲོམ་རར་ཐག་གཅོད་བྱེད་དུ་འཇུག་དགོས་ལ། མགྱོགས་མྱུར་སེམས་ནུས་བཏོན་ནས་འཕར་གཞི་གསར་པ་འཚོལ་ཐབས་བྱེད་དགོས་པ་དེ་རེད།
2010ལོར་སྤུ་ཧྲེང་རྫོང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། གངས་ས་གྲོང་ཚོའི་ཡུལ་སྐོར་ཞབས་ཞུ་མཐུན་ཚོགས་ཏེ“གངས་ས་གྲོང་ཚོའི་ཁལ་མ་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས”དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
2018ལོར་གངས་ས་གྲོང་ཚོས“བོད་ལྗོངས་གངས་རིན་པོ་ཆེ་རི་སྐོར་ཡུལ་སྐོར་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི”ཐོ་བཀོད་ནས་བཙུགས་ཏེ་ཁལ་མ་སྐྱེལ་འདྲེན་རུ་ཁག་ལ་མ་རྐང་ལམ་ལུགས་ཀྱི་སྒྱུར་བཀོད་བྱས་པ་དང་། སྐྱེལ་འདྲེན་རུ་ཁག་གིས་མ་རྐང་50%བཟུང་བ་དང་། གྲོང་ཚོའི་ལས་སྒྲུབ་ཚོགས་ཆུང་བཞི་སོ་སོས་མ་རྐང་12.5%བཟུང་བ། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་6000ལྷག་ཙམ་ཟིན་ཡོད།
འཕར་གཞི་གསར་པ་ཇི་ལྟར་འཚོལ་དགོས་སམ་ཞེ་ན། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ད་དུང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཡུལ་མིའི་མཉམ་སྡེབ་དང་གྲོས་བསྡུར་བྱས་པ་བརྒྱུད“ཡུལ་སྐོར་སྐྱེལ་འདྲེན་སྣེ་འདྲེན་དུ་བྱེད་པ་དང་། འབྲོག་ལས་ལས་སྣོན་འདེགས་སྐྱོར་དུ་བྱེད་པ། བཟའ་བཏུང་སིལ་ཚོང་ཁ་གསབ་ཏུ་བྱེད་པ”བཅས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་པ་རེད། དེ་ལྟར་ཡུལ་སྐོར་སྐྱེལ་འདྲེན་སྣེ་འདྲེན་དུ་བྱས་པའི་བྱེ་རྡོ་ར་བ་དང་། ཤེལ་གུར་མགྲོན་ཁང་། ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་སོགས་ཀྱི་ཐོན་ལས་གསར་པ་དག་བབ་བསྟུན་འཕེལ་རྒྱས་བྱུང་བ་རེད།
འཕེལ་རྒྱས་ཀྱི་ལམ་བུ།
ཞབས་ཞུའི་འདུ་ཤེས་འཛུགས་པ་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་བ།
ཞབས་ཞུའི་སྤུས་ཚད་ནི་ཡུལ་སྐོར་ལས་རིགས་ཀྱི་སྲོག་རྩ་རེད། གངས་ས་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་རྩོད་གཞིའི་གནད་དོན་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
རྡོ་རྗེ་པད་མ་ནི་སྔོན་ཆད་ས་གནས་དེ་གའི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པ་དང་། ཁོང་གིས་ཡུལ་སྐོར་རྩོད་གཞི་མང་པོ་ཐག་གཅོད་བྱེད་པར་ཞུགས་མྱོང་ཡོད་པ་དཔེར་ན། ཡུལ་སྐོར་བ་གཟབ་གཟབ་མ་བྱས་པར་རྟ་ནས་ལྷུངས་པའི་གནད་དོན་ཡོད་ལ། ཁལ་མར་བཀལ་བའི་ཡུལ་སྐོར་བའི་དངོས་ཟོག་ལ་སྐྱོན་ཤོར་བའི་གནད་དོན་སོགས་ཀྱང་ཡོད།
“མངོན་གསལ་དོད་ཤོས་ཀྱི་གནད་དོན་གྱི་གྲས་སུ་ད་དུང་ཡུལ་མིའི་ཡུལ་སྐོར་ཞབས་ཞུའི་འདུ་ཤེས་ཞན་པ་དང་ཞབས་ཞུའི་ཆུ་ཚད་དམའ་བ་དེ་རེད”ཅེས་རྡོ་རྗེ་པད་མས་བཤད་པ་དང་། ཁོང་གིས་སྐབས་དེ་དུས་ཡུལ་མི་འགས་ཡུལ་སྐོར་བར་རྨས་སྐྱོན་ཕོག་པ་དང་དངོས་ཟོག་ལ་སྐྱོན་ཤོར་བ་ནི་ཕྱུགས་རིགས་ཀྱིས་བཟོས་པ་ཞིག་ཡིན་པས་རང་ཉིད་ཀྱིས་འགན་འཁུར་མི་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཡུལ་སྐོར་བས་དེ་གཏན་ནས་ཁས་ལེན་གྱི་མེད།
གནད་དོན་ཐག་གཅོད་བྱེད་ཁག་པོ་ཡོད་པ་མ་ཟད། རྡོ་རྗེ་པད་མར་སེམས་ཁྲལ་བྱེད་དགོས་པ་ཞིག་ལ་ཁོང་གིས་ཡུལ་སྐོར་རྩོད་གཞི་ཐག་གཅོད་དྲང་གཞག་བྱེད་པའི་བརྒྱུད་རིམ་དུ་ཡུལ་མི་མང་པོས་བསམ་ཤེས་མི་བྱེད་པ་མ་ཟད། ཐ་ན་ལ་ལས་ཁོང་ནི་ཡུལ་སྐོར་བར་ཕྱོགས་ཞེན་བྱེད་མཁན་ཞིག་རེད་ཅེས་བརྗོད་ཀྱི་ཡོད།
འགྱུར་ལྡོག་གཏོང་བར་གོ་སྐབས་གསར་པ་ཕྲད། 2017ལོར་རྡོ་རྗེ་པད་མ་གངས་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས། ལས་འགན་ཁུར་མ་ཐག་ཁོང་གིས་བསམ་བློ་གཏོང་བའི་ལས་ཀ་དང་པོ་ནི་ཡུལ་མིའི་ཞབས་ཞུའི་འདུ་ཤེས་དང་ཞབས་ཞུའི་ཆུ་ཚད་ཀྱི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དེ་རེད།
ངོས་འཛིན་ཐད་ཀྱི་དོན་དག་ཅིག་ཡིན་ན་དེ་ནི་ཡུལ་མིའི་བསམ་བློའི་ལས་དོན་ནས་འགོ་འཛུགས་དགོས། རྡོ་རྗེ་པད་མས་ཨུ་ཚུགས་དང་བཙན་ཤེད་མ་བྱས་པར་ཐབས་ཤེས་སྟབས་བདེ་པོ་ཞིག་སྤྱད་པ་སྟེ། ཡུལ་མིའི་གནད་དོན་ཡིན་ཕྱིན་མང་ཚོགས་རང་ཉིད་ཀྱིས་ཐག་གཅོད་བྱེད་དུ་བཅུག་པ་རེད། དེས་ན། ཁོང་གིས་ཡུལ་མི་རེ་རེ་བཞིན་དང་སྙིང་གཏམ་ཤོད་རེས་བྱས་ཏེ་རྫོང(ཆུས)གི་ཡུལ་སྐོར་ཞབས་ཞུའི་སྔོན་ཐོན་ཉམས་མྱོང་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་ཆེད་མངགས་རིགས་གཅིག་མཁས་ཅན་གདན་དྲངས་ནས་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་ཡང་བྱས་པ་རེད།
ཞབས་ཞུའི་འདུ་ཤེས་དོན་འཁྱོལ་གང་ཐུབ་བྱེད་པ་དང་། གཏན་འབེབས་དང་ཁེ་ཕན་མཐའ་གཅིག་ཏུ་ཟུང་འབྲེལ་བྱེད་དགོས། “དོ་དམ་ལམ་ལུགས་གཞིར་བཟུང་ལོ་ལྟར་འབྲོག་པ་ཉི་ཤུ་སུམ་ཅུ་ཙམ་ལ་ཞབས་འདེགས་ཡག་པོ་མ་ཞུས་པའི་རྐྱེན་གྱིས་དངུལ་ཆད་སྒོར་ཁྲི་ལྔ་དྲུག་ཙམ་གཏོང་གི་ཡོད” ཐབས་ཤེས་འདི་ཧ་ཅང་གོ་ཆོད་པོ་ཞིག་འདུག་པ་དཔེར་ན། ད་ཆ་ལམ་ལུགས་ལྟར་བྱ་བ་སྒྲུབ་པ་ཡུལ་མིས་ཐུན་མོང་ཐོག་བརྩི་སྲུང་བྱེད་པའི་ཚད་གཞིར་རིམ་བཞིན་འགྱུར་བཞིན་ཡོད་པ་སྟེ། ཡུལ་སྐོར་བར་དུས་ཐོག་ཏུ་སྣེ་ལེན་མ་ཞུས་ཚེ་དངུལ་འཐེན་པ་དང་། ཡུལ་མིས་ཡུལ་སྐོར་བར་རྟ་འཁྲིད་སྐབས་དེ་བས་བློ་རྩེ་གཅིག་སྒྲིམ་བྱེད་པ། ཁལ་མ་གསུམ་རེར་ཡུལ་མི་གཅིག་གིས་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་པ་ལྟ་བུ་རེད། “ཡུལ་སྐོར་གྱི་རྩོད་གཞི་ཆེ་གྲས་ཉུང་དུ་ཕྱིན་པ་དང་རྩོད་གཞི་ཆུང་གྲས་སྤྱིར་ན་གྲོང་ཚོ་ནས་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་རྡོ་རྗེ་པད་མས་བཤད།
དེ་དང་ཆབས་ཅིག་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འབྲོག་པ་མང་ཚོགས་ལ“ཕྱུག་པོ་ཆགས་ལུགས་དྲན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། བརྟན་ལྷིང་ཡོང་བར་བྱེད་པ། གོང་འཕེལ་གཏོང་ཐབས་བྱེད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཆེད་ལས་གསོ་སྦྱོང་སྒྲིག་འཛུགས་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་འབྲོག་པའི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཁོ་ཚོའི་རྒྱ་སྐད་དང་དབྱིན་སྐད་ཤོད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚང་མར་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ཁྲིད་སྟོན་བྱས་པ་རེད། ད་ཆ་གངས་ས་གྲོང་ཚོར“མི་ཚང་མར་ལས་ཀ་ཡོད་པ་དང་། ཉིན་ལྟར་ཡོང་འབབ་ཡོད་པ། དུད་ཚང་ཚང་མར་ཐབས་ལམ་ཡོད་པ”ཡུལ་མི་ཚོའི་ཐུན་མོང་གི་ཕུགས་འདུན་ཞིག་ལ་གྱུར་ཡོད།
རྒྱུན་སྲིང་ཐབས་ཇུས་བཏོན་ནས།
བུ་རབས་ཚ་རྒྱུད་ལ་དེ་བས་མཛེས་སྡུག་ལྡན་པའི་གངས་རིན་པོ་ཆེ་འཇོག་པ།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གངས་ས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཉིན་རེའི་གྲོས་རིམ་དུ་བཅུག་ཡོད།
“2018ལོ་ནས་བཟུང་། ང་ཚོས་རྒྱུན་ཆད་མེད་པར་སྒྲོག་འགྲེལ་བྱས་པ་བརྒྱུད། བསམ་བློའི་གོ་རྟོགས་ཅུང་མཐོ་བའི་ཡུལ་མི་ཁག་གཅིག་གིས་རྟ་ཁྲིད་དེ་ཞབས་འདེགས་ཞུ་སྐབས་རང་འགུལ་ངང་གད་སྙིགས་སྒྲུག་གི་ཡོད”ཅེས་རྡོ་རྗེ་པད་མས་བརྗོད་པ་དང་། ཁོང་གིས་ད་ཆ་དཔེ་སྟོན་གྱི་ཕན་འབྲས་ཧ་ཅང་ཡག་པོ་ཐོན་འདུག་ལ། ཡུལ་སྐོར་བས་གད་སྙིགས་གང་བྱུང་དུ་དབྱུག་པའི་སྣང་ཚུལ་ཡང་ཉུང་དུ་འགྲོ་བཞིན་འདུག དེ་ལྟར་ཡིན་ནའང་ཡུལ་སྐོར་ཀུང་སིའི་ལས་དོན་མི་སྣས་ཉིན་ལྟར་མཛེས་ལྗོངས་ཁུལ་དུ་གད་སྙིགས་གཙང་སེལ་བྱེད་ཀྱི་ཡོད། “ལས་ཀ་འདིར་ཧ་རི་ཧུ་རི་སྤུ་ཙམ་ཡང་བྱ་མི་རུང”ཞེས་བརྗོད།
ཐོན་ལས་གསར་པ་འཕེལ་རྒྱས་གཏོང་བའི་ཐད་གངས་ས་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་ཚད་ལས་བརྒལ་ནས་གསར་སྤེལ་མ་བྱས་པར། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཨང་དང་པོར་བཞག་པ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་ཡོད།
ཡུལ་མི་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོ་མི་རབས་འདིས“ཡུལ་སྐོར་ཡོང་འབབ”གསོག་གི་ཡོད་ལ། བུ་རབས་ཚ་རྒྱུད་ལའང་དེ་བས་མཛེས་སྡུག་ལྡན་པའི་གངས་རིན་པོ་ཆེ་འཇོག་གི་ཡིན་ཞེས་བརྗོད།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣