དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-12

    ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན། ཡུལ་སྐོར་གྱི་དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་འཕེལ་རྒྱས་གང་ལེགས་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཁྲོམ་རའི་འཕེལ་ཕྱོགས་དང་བསྟུན་ནས་ཡུལ་སྐོར་བ་དང་འཛད་སྤྱོད་ཀྱི་གྲུབ་ཆའི་འགྱུར་ལྡོག་ལ་གཞིགས་ཏེ་ནུས་ཤུགས་ཡོད་རྒུས“དྭངས་གཙང་ལྷ་ས་དང་སྐྱོན་བྲལ་ཡུལ་སྐོར”གྱི་ཡུལ་སྐོར་སྤུས་རྟགས་བཏོད་དེ་སྐྱོན་བྲལ་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། བདེ་ཐང་ལུས་གསོའི་ཡུལ་སྐོར་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་ཆེ་རུ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་སླར་གསོ་བྱུང་ནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་ཁྲིད་ཐུབ་ཡོད། འདི་ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་མངོན་གསལ་དོད་པོ་བྱུང་ནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་316ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་1463%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་45.8ཟིན་པ་དེ་དུས་མཚུངས་ལས་2101.92%འཕར་ཡོད། ལྷ་སའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། དེ་བཞིན་ཞག་སྡོད་ཡུལ་སྐོར་བའི་གྲངས་འབོར་མགྱོགས་མྱུར་འཕར་ཏེ། ཟླ་དང་པོ་ནས་བཞི་པའི་བར་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་129ཙམ་ལ་སྣེ་ལེན་ཞུས་པ་དེས་རྒྱལ་ནང་གི་ཡུལ་སྐོར་བའི་40.82%བཟུང་ཡོད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བརྗོད་དོན། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་དང་། བདེ་འཇགས་ཐོན་སྐྱེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ནན་པོ་བྱུང་ནས་ཡུལ་སྐོར་བར་ཁྲོམ་རའི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། གུང་གསེང་རིང་མཉམ་སྐྱོད་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། ནང་མི་ལྷན་འཛོམས་ཀྱི་ཡུལ་སྐོར། ལུས་གསོའི་ཡུལ་སྐོར། གླིང་ཁ་གཏོང་བ་བཅས་ལྷ་ས་གྲོང་ཁྱེར་དུ་ཁྱབ་གདལ་ཤུགས་ཆེན་བྱུང་ནས་གྲོང་གསེབ་ལ་ཡུལ་སྐོར་དུ་འགྲོ་བར་དར་སྲོལ་ཆགས་ཏེ་འཛད་སྤྱོད་བྱེད་མང་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི“ལྔ་གཅིག”རིང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་38.15ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་32.51%འཕར་བ་དང་གསོལ་མགྲོན་ཁང་དུ་སྡོད་ཚད་82.21%ཟིན་ཡོད། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་3.61ཟིན་པ་དེ་དུས་མཚུངས་ལས་51.6%འཕར་བ་དང་མི་རེའི་ཆ་སྙོམས་འཛད་སྤྱོད་སྒོར་950ལྷག་ཙམ་ཟིན་ནས་གྲོང་མིའི་ཡུལ་སྐོར་གྱི་འཛད་སྤྱོད་སྟོན་གྲངས་ན་ནིང་གི་དུས་མཚུངས་ལས་མཐོ་བ་ཡོད་པ་རེད།

    དོག་སྡེ་ཁྲོམ་གཞུང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བྱང་ཤར་ཕྱོགས་སུ་གནས་པ་དང་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ་7ཡོད། འགྲིམ་འགྲུལ་སྟབས་བདེ་ལ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས་དོག་སྡེ་ཁྲོམ་གཞུང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། ཟླ་5པའི་ཟླ་མཇུག་ཏུ། ལྷ་སར་རིམ་བཞིན་གླིང་ཁ་གཏོང་འགོ་ཚུགས་པས་གཟའ་མཇུག་དང་དུས་ཆེན་འཆར་རིམ་བཞིན་ཚང་མས་གྲོགས་པོའམ་ཡང་ན་ནང་མི་དང་མཉམ་དུ་གླིང་ཁ་གཏོང་བར་འགྲོ་གི་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བྲིན་ཚོང་གི་དྲིལ་བསྒྲགས་གསར་གཏོད་བྱེད་པ་དང་། ཚོང་ཟོག་ཞིབ་སྤེལ་བྱེད་པ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་བཅས་དམ་འཛིན་བྱ་གཞིར་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱས་པ་དང་། ཡུལ་སྐོར་འཛད་སྤྱོད་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ཡུལ་སྐོར་ཐོན་རྫས་བཏོད་ནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་ཁྲིད་དང་ཡུལ་སྐོར་འཛད་སྤྱོད་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རྒྱུན་མཐུད་སྐུལ་ཁྲིད་བྱས་ཡོད། སྟག་གདོང་གྲོང་ཚོ་དང་། མཐིང་མདོག་ཞིང་ཁམས་ཀྱི་ཆུ་ཚན། ཁང་དམར་ཆུ་ཚན་གྱི་གསོལ་མགྲོན་ཁང་། གནམ་མཚོ་བཅས་དང་དེ་བཞིན་ཁྲེང་ཀོན་ཆུས་དང་། སྟག་རྩེ། སྟོད་ལུང་བཅས་མཐའ་འཁོར་གྱི་གླིང་ཁ་གཏོང་སར་ས་གནས་དེ་གའི་གྲོང་མིས་དགའ་པོ་བྱེད་པ་དང་། ལྷག་པར་དུ་ཉིན་3ནས་5བར་གྱི་གྲོང་ཁྱེར་ཉེ་འདབས་སུ་ཡུལ་སྐོར་དང་། རང་བྱུང་སྐྱེ་ཁམས་ཡུལ་སྐོར། བདེ་ཐང་ཆུ་ཚན་ཡུལ་སྐོར་སོགས་ཡུལ་སྐོར་བྱེད་མང་ཤོས་སུ་གྱུར་ཡོད། ཡངས་པ་ཅན་གྱི་མཐིང་མདོག་ཞིང་ཁམས་དང་། སྟག་གདོང་གྲོང་ཚོ། བདུད་རྩི་ཆུ་མིག་གི་སྨན་ལུམས་བཅས་2020ལོར་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟའི་ཚན་པ་ཁག་དང་པོར་བདམས་པ་དང་། ཡུལ་སྐོར་གྱི་སྣེ་ལེན་ཞབས་ཞུ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་འདི་ལོའི་ལྷ་ས་གྲོང་ཁྱེར་གྱི་བདེ་ཐང་ལུས་གསོའི་ཡུལ་སྐོར་དང་བདེ་ཐང་ཡུལ་སྐོར་གྱི་ཐོན་རྫས་གཙོ་བོར་གྱུར་ཏེ་ཡུལ་སྐོར་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།