དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་ཡོང་འབབ་ཡག བདེ་སྐྱིད་ལམ་བུ་ཡངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆན་དབྱི་པིན་དང་། ཧྲི་དབྱི་ཆི། ཧོ་ཅེ་ཆུང་།   |     སྤེལ་དུས།  2021-08-02

    ཉང་ཆུའི་རྒྱུད་དུ་རྩྭ་དང་རྩི་ཤིང་གིས་ཁེངས་ཤིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་རི་ཚོགས་ཀྱིས་བསྐོར་བ་དང་། མཐའ་བཞི་སྔོ་ལྗང་རི་སྐྱེས་ཁམ་བུའི་མེ་ཏོག་ལས་ཀ་ལ་གྲོང་ཚོ་གང་སར་སྐད་གྲགས་ཆོད་ཅིང་། ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་རིམ་བྱུང་གི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གཙོ་གཉེར་བྱ་ཡུལ་ཞིག་ཀྱང་རེད། ལོ་རེའི་ཟླ་3པ་ནས་4པའི་བར་ཀ་ལ་གྲོང་ཚོར་རི་སྐྱེས་ཁམ་བུའི་སྡོང་རྐང་1200ལྷག་ཙམ་ལ་མེ་ཏོག་བཞད་པ་དེས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད།

    “ཀ་ལ་གྲོང་ཚོ་ནི་སྤྲིན་པ་གྲོང་ཚོའི་རང་བྱུང་གྲོང་ཚོ་ཞིག་རེད། དེ་སྔོན་གྲོང་མི་ཕལ་ཆེ་བས་རི་སྟེང་གི་ཤིང་བཅད་དེ་འཚོ་བ་སྐྱེལ་གྱི་ཡོད་པས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ་མ་ཟད། ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་ཐོན་སླ་པོ་ཡོད། 2002ལོ་ནས་བཟུང་ཀ་ལ་གྲོང་ཚོའི་རི་སྐྱེས་ཁམ་བུའི་སྡོང་རྐང་1200ལྷག་ཙམ་གྱི་རང་བྱུང‘ཁྱིམ་གཞིས’ལ་བརྟེན་ནས་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གཉེར་བ་རེད། འདི་ལོ་ཀ་ལ་གྲོང་ཚོས་མིག་སྔའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་14ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་420བྱུང་ཡོད”ཅེས་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཁམ་བུའི་མེ་ཏོག་ལ་ལྟ་བ་ཕུད། ཞིང་པའི་སྤྲོ་སྐྱིད་ཁང་དུ་སྡོད་པ་དང་། རྟ་བཞོན་པ། མདའ་འཕེན་པ། མི་རིགས་ཀྱི་གྱོན་ཆས་གྱོན་པ་སོགས་སྤྲོ་སྣང་ལྡན་པའི་རྣམ་གྲངས་མང་པོ་ཉམས་སུ་མྱོང་རྒྱུ་ཡོད། དེས་ཡུལ་སྐོར་ཉམས་ལེན་རྣམ་གྲངས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། དེ་གྲོང་མིའི་འབབ་འཕར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    2011ལོར་ཀ་ལ་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པའི་ཐོག་ནས་འབྲེལ་ཡོད་ཡུལ་སྐོར་ཉམས་ལེན་རྣམ་གྲངས་གཅིག་གྱུར་གཉེར་སྐྱོང་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ཀྱིས་གྲོང་མི་མངགས་ནས་གཉེར་སྐྱོང་རྣམ་གྲངས་གཉེར་བ་དང་འབྲེལ། མཚན་མོའི་སློབ་གྲྭ་གཉེར་ནས་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཁ་ཐོར་གཉེར་སྐྱོང་བྱས་པའི་རྐྱེན་གྱིས་རྣམ་གྲངས་ཉམས་ལེན་གྱི་སྤུས་ཚད་ཞན་དུ་མི་འགྲོ་བའང་བྱས་ཡོད།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་ཡུལ་སྐོར་རྣམ་གྲངས་གཉེར་བའི་བྱེད་ཐབས་སྤྱད་པས། དེའི་ནང་ཞུགས་མཁན་གྲོང་མིར་ངལ་ནུས་ཡོང་འབབ་རག་པ་ཕུད། ལོ་ལྟར་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཡོང་འབབ་བགོ་བཤའ་ཡང་རག་གི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀ་ལ་གྲོང་ཚོའི་2020ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་1004ཟིན་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.13ཟིན་གྱི་ཡོད།

    ད་ཆ་ཀ་ལ་གྲོང་ཚོའི་གྲོང་མི་མི་ཉུང་བར“ཡུལ་སྐོར་གྱི་ཡོང་འབབ་རག་ནས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱུང་ཡོད། གྲོང་མི་ཚོས་ཡུལ་སྐོར་རྣམ་གྲངས་གཉེར་སྐྱོང་ནང་ཞུགས་ནས་གླ་པར་བསྐྱོད་པ་ཕུད། ད་དུང་ལོ་ལྟར་ཁེ་སྤོགས་བགོ་བཤའ་ཡང་རག་གི་ཡོད། “ང་ཚོའི་ཁྱིམ་དུ་ནང་མི་6ཡོད་པ་དང་། ན་ནིང་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་རིང་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་བྱུང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ང་ཚོའི་གྲོང་ཚོར་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས། གྲོང་ཚོའི་གྲོང་མི་མི་ཉུང་བ་ཞིག་གིས་ཡུལ་སྐོར་རིག་གནས་དུས་ཆེན་ལ་དམིགས་ནས་ཚོང་གཉེར་བྱེད་བཞིན་ཡོད། འདི་ལོ་ངས་ད་དུང་ཁང་པ་གསར་པ་ཞིག་བརྒྱབ་ནས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་རྩིས་ཡོད། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ནི་ང་ཚོའི་གྲོང་ཚོའི་ཕྱུག་འགྱུར་དུས་ཆེན་ཡིན་པས། གྲོང་མི་ཚོ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་རོགས་རམ་བྱེད་ཐུབ་ཅེས་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་གསར་འགོད་པར་བཤད།

    “ཡུལ་སྐོར་ཡོང་འབབ་གསོག”པར“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ”བརྗེད་མི་རུང་། སྤེན་པས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན། རི་སྐྱེས་ཁམ་བུའི་མེ་ཏོག་ནི་ཀ་ལ་གྲོང་ཚོའི་ཕྱུག་འགྱུར་གྱི་ཐོན་ཁུངས་ཡིན་ལ། མི་རབས་ནས་མི་རབས་བར་སྔར་བས་རྒྱུན་འཛིན་བྱེད་པའི‘ཁྱིམ་གཞིས’ཤིག་ཀྱང་ཡིན། ང་ཚོས་ཡུལ་སྐོར་སྤྲོ་གསེང་འཕེལ་རྒྱས་གཏོང་ཆེད་སྐྱེ་ཁམས་ལ་གཏོར་བརླག་དང་ཁོར་ཡུག་ལ་སྦགས་བཙོག་བཟོ་མི་རུང་། ལོ་ལྟར་ཀ་ལ་གྲོང་ཚོའི་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་མུའུ་200ཡན་ཟིན་གྱི་ཡོད”

    “ཆུད་མ་དང་སྦི་རག་ཤེལ་དམ་ལས་སྐར་མ་1500བརྗེ་ལེན”ཐུབ་པ་དང་། “ཤོག་ཕོར་སྤྱོད་གཅིག་མ་ལས་སྐར་མ་200བརྗེ་ལེན་ཐུབ་པ” “རྫས་ཤོག་དང་མཐེབ་འབྱེད་ལྕགས་ཀྲིན་ལས་སྐར་མ་350བརྗེ་ལེན་ཐུབ་པ”བཅས་ཀ་ལ་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི“ལྗང་མདོག་དངུལ་ཁང”དུ“ཚུར་བསྡུ་ཆོག་པའི་གད་སྙིགས་བརྗེ་ལེན་རྩིས་ཁྲའི”ཐོག་བརྗེ་འགྲུལ་གྱི་ཟིན་ཐོ་མང་པོ་བཀོད་ཡོད། འདི་ལོའི་ལོ་སྟོད་དུ་ཀ་ལ་གྲོང་ཚོས“ལྗང་མདོག་དངུལ་ཁང”ཁྱབ་གདལ་བཏང་ནས་གྲོང་མིས་ཚོང་ཟོག་བསྡུ་རུབ་རིགས་དབྱེ་དང་གནས་གཏན་འཁེལ་གྱིས་བརྗེ་འགྲུལ་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་མ་དངུལ་ནས་རིན་ཁྱད་ཁ་གསབ་སྤྲོད་པ་བཅས་ཀྱི་བྱེད་ཐབས་བརྒྱུད། གྲོང་མིར་གད་སྙིགས་རིགས་དབྱེ་ཚུར་བསྡུ་དང་གྲོང་ཚོའི་རྣམ་པ་མཛེས་སུ་གཏོང་བའི་གོམས་གཤིས་བཟང་པོ་ཞིག་འཇགས་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད།

    “གྲོང་ཚོའི་ནང་གི་ཕྲུ་གུ་ཚོ་སློབ་གྲྭ་གྲོལ་ནས་དེ་གར་འབྱོར་རྗེས་ལམ་བར་དུ་རྙེད་པའི་ཐ་མག་ཕྲུག་ལྷག་སོགས་ཁྱེར་ནས་ཞོར་ཟས་ཉོ་བར་ཡོང་གི་ཡོད། ལྗང་མདོག་དངུལ་ཁང་གཉེར་འགོ་ཚུགས་པ་ནས་བཟུང་། གྲོང་མིས་ཁོར་ཡུག་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་གྲོང་ཚོའི་རྣམ་པ་སྔར་བས་གཙང་ཞིང་གྲལ་འགྲིག་པོ་རྒྱུན་འཁྱོངས་ཐུབ་ཡོད། ད་ཆ་གྲོང་ཚོའི་གཞུང་ལམ་གཙང་ཞིང་ཁོད་སྙོམས་པ་དང་ཡུལ་སྐོར་བ་དེ་གར་ཡོང་ནས་དེ་བས་སྤྲོ་སྣང་ལྡན་པའི་ངང་ཡུལ་སྐོར་བྱེད་ཐུབ་ཀྱི་ཡོད་ཅེས་ཀ་ལ་གྲོང་ཚོའི“ལྗང་མདོག་དངུལ་ཁང”གི་དོ་དམ་པ་ཡེ་ཤེས་ཆོས་སྒྲོན་གྱིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།