“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས”
འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་གི་ཡུལ་ལྗོངས་ཡིན་པ།
“ལོ་ལྟར་གྱི་ཟླ་10པར་ཁྲུང་ཁྲུང་མཇིང་ནག་ཁྱུ་དང་ཁྱུ་བྱས་ནས་ལྷུན་གྲུབ་ཏུ་དགུན་ཁ་སྐྱེལ་བར་ཡོང་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་ཡོང་གི་འདུག” ལོ་58ལ་སླེབས་པའི་བསྟན་འཛིན་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁྲུང་ཁྲུང་མཇིང་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྐོར་སྲུང་བ་ཞིག་རེད།
ལོ་ལྟར་གྱི་དགུན་ཁར་དུས་བྱ་འབོར་ཆེན་གཅིག་རྗེས་གཉིས་མཐུད་ངང་ལྷུན་གྲུབ་ཏུ་འཕུར་ཡོང་ཞིང་། བྱ་ཁྲི་མཉམ་འཕུར་གྱི་བརྗིད་ཆགས་ཀྱི་རྣམ་པ་དེ་ལྷུན་གྲུབ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
གྲངས་གཞི་ལས་མངོན་པར། 2020ལོར་བོད་དུ་ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་། རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%བར་མཐོ་རུ་ཕྱིན་པ། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཡོད། རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ཁུལ་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར3000ནས་8000ལྷག་ཙམ་དང་གཙོད་མགོ་གྲངས་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་ཡོད། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་ནང་། སྤྲེའུ་གྲམ་དཀར་སོགས་སྲོག་ཆགས་རིགས་གསར་པ་5དང་ཏུང་ཀོ་ལིན་དབྱིང(བྱ་རིགས)སོགས་ཀྲུང་གོའི་ཟིན་ཐོ་གསར་པའི་སྲོག་ཆགས་རིགས་5ཤེས་རྟོགས་བྱུང་ཡོད་པ་རེད།
འཁྱགས་རོམ་དང་རྩྭ་ཐང་དུ་ཆུ་ཕྲན་དྭངས་ལ་གཙང་ཞིང་། འདབ་ཆགས་དང་། རི་དྭགས། ཉ་རིགས་སོགས་བདེ་བར་འཁོད་པའི་ད་ཆའི་བོད་ནི་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
“མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱེད་དགོས”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བ་དང་ཕུགས་རྒྱང་རིང་པོས་བོད་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་བ།
2013ལོའི་ཟླ་5ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པ་གཙོ་སྐྱོང་གནང་སྐབས། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་རེད”ཅེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་པོས་འཐབ་ཇུས་བཀོད་གནང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཤུགས་ཆེན་བྱས་ནས་རླབས་ཆེན་བསྐྱར་དར་གྱི་ལམ་བུའི་ཐོག་ཀྲུང་ཧྭ་མི་རིགས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་གནང་ཡོད།
མཚོ་བོད་ས་མཐོའི་སྐྱེ་ཁམས་ཞིབ་འཇུག་སྲུང་སྐྱོང་ལ་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཟབ་མོ་གནང་གི་ཡོད།
2017ལོའི་ཟླ་8པར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་ལྷ་སར་སྤེལ་འགོ་ཚུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་གནང་སྟེ་རྟེན་འབྲེལ་ཞུས་ཤིང་། ཚན་རིག་རྟོག་ཞིབ་ཞིབ་འཇུག་གིས་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཐད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་བྱེད་པ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོས་མཚོ་བོད་ས་མཐོར་ཐེབས་པའི་ཤུགས་རྐྱེན་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ནས་སྲུང་སྐྱོང་དང་། སླར་གསོ། བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ལྡན་པའི་ཇུས་གཞི་དང་ལས་གྲྭའི་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས་པའི་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟབ་ལ་ནན་པའི་བཀའ་མོལ་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་འཁོར་གྱི་ཡོད།
“ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས”
བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
2021ལོའི་ཟླ་1ཚེས་24ཉིན《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2021ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་ཡོད། འདི་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱ་རྒྱུ་ལྟེ་བར་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་བ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ནན་ཏན་བསྟར་བ་བཅས་བྱས་ཏེ། གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོང་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་བཙུགས་ཡོད།
མིག་སྔའི་བར་རང་ལྗོངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་ཇུས་སྒྲིག་སྲོལ་60ལྷག་ཙམ་སྔ་རྗེས་སུ་བཏོན་ཏེ། ངར་ལྕགས་དང་། བཙོ་སྦྱངས། རྫས་འགྱུར་བཟོ་ལས། ཤོག་བཟོ་སོགས་ཁོར་ཡུག་སྦགས་བཙོག་གི་ཉེན་ཁ་ཆེ་བའི་རྣམ་གྲངས་བོད་དུ་སྤེལ་རྒྱུ་གཏན་འགོག་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་སྲིད་གཞུང་ལ་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱས་ཡོད།
གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་རང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཚད་གཞི་བཅས་ཕྱོགས་ཡོངས་ནས་གཏན་འབེབས་བྱས་པ་དང་། སྣོད་བཅུད་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་45%བཟུང་བ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། བཙོག་འབུད་ཆོག་འཐུས་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་གྱི་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། རིགས་ཁག་གི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་296.3དོན་འཁྱོལ་བྱས་པས། མང་ཚོགས་དེ་བས་མང་བར“སྐྱེ་ཁམས་ཀྱི་ཕན་པ”ཐོབ་ཡོད།
“ད་ཆ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ཏེ། རྩྭ་འདེབས་པ་དང་ཁྱིམ་གྱི་མཐའ་འཁོར་དུ་ལྕང་མ་བཏབ་པ་ལས། ཉིན་ལྟར་བྱེ་རླུང་གང་སར་འཚུབ་པའི་དེ་སྔོན་གྱི་རྣམ་པར་འགྱུར་ལྡོག་བྱུང་སོང་། ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་འགྱུར་བཞིན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་གི་མང་ཚོགས་ཆོས་སྒྲོན་གྱིས་བརྗོད་ཞོར་དུ་མཛུབ་མོ་རྒྱང་རིང་གི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ལ་བཙུགས་པས། སྔོ་ལྗང་གོས་གསར་གྱིས་བརྒྱན་པའི་སྡོང་ཕྲུག་དང་ཐིའུ་བཏང་ནས་བཞད་ལ་ཁད་ཀྱི་མེ་ཏོག་རྩྭ་དུམ་རེ་རེའི་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཚར་དུ་སྐྱེས་པ་མིག་ལམ་དུ་མངོན།
“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱས་པ།
“སྲིན་བུ་རིའི་དགུན་ཁ་ནི་མཚོ་གཉིས་ཀྱི་དབྱར་ཁ་ཡིན”ལོ་76ལ་སླེབས་པའི་རྡོ་རྗེ་སྒྲོལ་མའི་ཕ་ཡུལ་མཚོ་གཉིས་རྫོང་དཀར་མཚོ་ཤང་ནས་ཡིན་ཞིང་། 2019ལོའི་ལོ་མཇུག་ཏུ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོར་སྤོས་ཡོད། ཁོང་གིས་ཕ་ཡུལ་དང་བསྡུར་ན་དེ་གར་ས་བབ་མཐོ་ཚད་སྨི་1400ལྷག་ཙམ་གྱིས་དམའ་བ་འདུག “གནམ་གཤིས་དྲོ་བ་དང་། དབུགས་གཏོང་བདེ་བ། གཉིད་སྐྱིད་པ་མ་ཟད། འཚོ་བའང་སྟབས་བདེ་པོ་འདུག”ཅེས་བཤད།
“གཞི་ཁྱོན་དེ་ལྟ་བུའི་ས་ཁོངས་བསྒྲལ་ནས་གནས་སྤོ་བྱེད་པའི་དམིགས་ཡུལ་ནི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ལ་དེ་བས་ལེགས་པའི་ཚེ་སྲོག་བདེ་ཐང་གི་འགན་ལེན་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་ཆབས་ཅིག མིའི་རིགས་ཀྱི་བྱེད་སྒོ་ཉུང་དུ་བཏང་ནས་རང་བྱུང་ཁམས་ཆེ་མོ་རི་སྐྱེས་སྲོག་ཆགས་ལ་སྤྲད་དེ་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན”ཞེས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་རྡོ་རྗེས་བཤད།
བོད་ཀྱི་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ཚང་མ་མཇུག་འགྲིལ་རྗེས་རང་སྐྱོང་ལྗོངས་ཀྱིས་སྤྱི་ལེ་ངོས་གྲུ་ཁྲི་35ཙམ་གྱི་ས་ཆ་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་ནང་སྲུང་སྐྱོང་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་28ཡོད་པ་རེད།
“ད་ཆ་ང་ཚོའི་སྤང་གོང་མཚོ་དེ་བས་མཛེས་སུ་འགྲོ་ཡི་འདུག ང་ཚོར་སྔོ་ཞིང་དྭངས་པའི་རི་ཆུ་ཡོད་ལ་གསེར་རི་དངུལ་རི་ཡང་ཡོད”བསོད་ནམས་ཟླ་བ་ནི་སྤང་གོང་མཚོ་འདམ་ར་དོ་དམ་སྲུང་སྐྱོང་པའི་ཁྲོད་ཀྱི་རུ་མི་ཞིག་རེད། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་དང་། ཡུལ་སྲོལ་གོམས་འདྲིས། དེ་བཞིན་དམིགས་བསལ་གྱི་ཡུལ་སྐོར་ཐོན་ཁུངས་བཅས་ལ་བརྟེན་ཏེ། རུ་ཐོག་རྫོང་གིས་སྤང་གོང་མཚོ་མཛེས་ལྗོངས་ཁུལ་གཙོ་བོར་བྱས་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་གཅིག་བཏོད་ཡོད།
སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན། སྐྱེ་ཁམས་ཁོར་ཡུག་བཟང་པོས་བོད་ཀྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཏེ། ཞིང་འབྲོག་པ་འབོར་ཆེན་ཞིག“སྐྱེ་ཁམས་ཡུལ་སྐོར་ལས་རིགས”ནང་ཞུགས་རྒྱུ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་རང་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་8.6གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ནང་ཞུགས་པ་དང་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་4300བྱུང་ཡོད།
“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་ཕུལ་ནས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བར་བྱེད་དགོས” གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སེམས་ནང་བརྟན་པོར་ངེས་པ་དང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་བཅས་སྲུང་སྐྱོང་གིས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་ཧུར་ཐག་བཏོད་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣