འདི་ནི་བོད་ཀྱི་རིག་གནས་ཀྱི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་བཞིན་པ།
སྐྱིད་སྣང་དོད་པའི་དབྱར་ཁ་ཤར། གང་ས་གང་དུ་སྔོ་མདངས་རྒྱས། ལྷ་སར་ཉིན་མོ་ཉི་འོད་རབ་ཏུ་འཕྲོས་ནས་ཚ་བ་ཆེ་རུང་། མཚན་མོ་བསིལ་རླུང་དལ་བུར་ལྡང་ནས་བསིལ་པོར་གྱུར། དབྱར་དུས་སུ་མི་རྣམས་དགོང་མོ་ཕྱི་རོལ་དུ་སྤྲོ་གསེང་དང་རོལ་རྩེད་རྩེ་བར་འགྲོ་འདོད་ལྷག་པར་ཆེ་བ་མ་ཟད། “མཚན་མོའི་དཔལ་འབྱོར”གྱིས་ཀྱང་གནའ་གྲོང་ལྷ་སར་རྣམ་པར་བཀྲ་བའི་ཡུལ་ལྗོངས་ཤིག་ཀྱང་གྲུབ།
དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀར་ས་རྦད་དེ་རུབ་མེད་ཀྱང་ལྷ་སའི་ཁྲོམ་གཞུང་གི་གློག་སྒྲོན་ཁྲ་ཆིར་ལེར་སྤར་ཡོད། གྲོང་མི་དང་ཡུལ་སྐོར་བས་ལྷ་སའི་མཚན་མོའི་ཉམས་འགྱུར་ཤེས་ཚོར་དང“མཚན་མོའི་དཔལ་འབྱོར”ལས་བྱུང་བའི་ཉམས་ལེན་མི་འདྲ་བ་ལོངས་སུ་སྤྱོད་པར་སྐྱོད་འགོ་འཛུགས།
“ང་འདི་ནས་ཐག་རིང་པོ་དེ་ཙམ་མེད་པའི་ཁུལ་ཆུང་ཞིག་ཏུ་སྡོད་ཀྱི་ཡོད། ཉིན་ལྟར་དགོང་ཟས་བཟས་རྗེས་བོད་སྐོར་དཀྱིལ་འཁོར་དུ་སྒོར་གཞས་རྒྱག་པར་ཡོང་གི་ཡོད། དེ་འདྲ་བྱས་ན་གཟུགས་པོར་སྦྱོང་བརྡར་ཐུབ་པ་མ་ཟད། བཟས་པ་རྣམས་ཕོ་བར་འཇུ་བདེ་པོའང་འདུག སྒོར་གཞས་རྒྱག་པ་དེ་ངའི་རྒྱུན་གཏན་གྱི་གོམས་གཤིས་སུ་གྱུར་འདུག”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲེན་ཤིས་མེ་ཏོག་ལྡུམ་རའི་གྲོང་མི་སྒྲོལ་དཀར་གྱིས་བཤད།
འདིནི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མཚན་ལྗོངས་པར་ལེན་བཞིན་པ།
ལྷ་སའི་ནུབ་འདབས་ཀྱི་ལྟེ་བའི་ཁུལ་དུ་ཡོད་པ་དང་། ས་བབ་ལེགས་ཆ་མངོན་གསལ་དོད་པ། ཉེ་འཁོར་དུ་སློབ་གྲྭ་དང་། ཀུང་སི། ཚོང་ཁང་། ཁུལ་ཆུང་བཅས་གཅིག་སྡུད་ཆེ་བ་དང་མི་ཚོགས་ཆེ་བའི་བོད་སྐོར་དཀྱིལ་འཁོར་ནི་ལྷ་སའི་ཚོང་ལས་ཁུལ་ཆེ་གྲས་ཤིག་རེད། ན་ནིང་ཟླ་6པར་ཐང་ཁྲོམ་དཔལ་འབྱོར་སྤེལ་འགོ་ཚུགས་རྗེས། ཉིན་ལྟར་ཚོང་དུད་200ལྷག་ཙམ་གྱིས་འདིར“ཐང་ཁྲོམ་བྱ་གཞག”གཉེར་གྱི་ཡོད་ཅིང་། གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཐང་ཁྲོམ་སྐོར་བའམ་ཡང་ན་སིལ་ཟས་ཁྲོམ་གཞུང་དུ་རྒྱལ་ཡོངས་ས་གནས་ཁག་གི་ཞིམ་ཟས་ཀྱི་བྲོ་བ་མྱོང་བར་ཡོང་གི་ཡོད།
ཐེན་ཧའེ་མཚན་ཁྲོམ་གྱི་ཁ་སྤྲོད་དུ་ཡོད་པའི་ལེ་པའེ་ལུང་ཚོང་ཁང་ཆེ་མོར་ཧ་ཅང་འཁྲུག་ཆ་དོད་ཅིང་། གྲོང་མི་མང་པོ་ཞིག་ཁ་ལག་ཟ་བར་ཡོང་བ་ཕུད། ད་དུང་གློག་རྡུལ་རོལ་རྩེད་རྩེ་བའམ་ཡང་ན་གློག་བརྙན་ལྟ་བར་ཡོང་མཁན་ཕྲུ་གུ་དང་ཁྱིམ་བདག་དང་དེ་བཞིན་དགའ་རོགས་སྒྲིག་བཞིན་པའི་གཞོན་ནུ་མང་པོའང་འདུག
“ང་ཚོའི་འདི་གར་གཟའ་མཇུག་ཏུ་གློག་བརྙན་ལྟ་བར་ཡོང་མཁན་ཧ་ཅང་མང་བ་མ་ཟད། གཟའ་མིག་དམར་དང་ཕུར་བུར་གློག་བརྙན་ཁང་གི་གློག་བརྙན་སྤ་སེའི་རིན་གོང་ཕྱེད་ཀ་ལས་སྤྲོད་དགོས་ཀྱི་མེད་པས་ཉིན་དེ་གཉིས་ལའང་གློག་བརྙན་ལྟ་བར་ཡོང་མཁན་མི་ཉུང་བ་ཞིག་འདུག ཉེ་ཆར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རིགས་ཀྱི་གློག་བརྙན་མི་ཉུང་བ་ཞིག་བསྟན་པར་ལྟ་མཁན་དངོས་གནས་མང་པོ་འདུག”ཅེས་ལེ་པའེ་ལུང་གློག་བརྙན་གྲོང་གི་འབྲེལ་ཡོད་ལས་དོན་མི་སྣས་གསར་འགོད་པར་བཤད་བྱུང་།
འདི་ནི་ལྷ་ས་གྲོང་ཁྱེར་ཐེན་ཧའེ་མཚན་མོའི་གྲོང་གི་ཟས་མཆོག་ཁུལ་ཡིན་པ།
“གནམ་འོག་ཏུ་ས་ཐག་རིང་བའི་ཡུལ་མེད། མི་ཡུལ་གང་དུ་སླེབས་ཀྱང་ཕ་ཡུལ་ཡིན……”ས་སྲོས་མཚམས་སུ་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་བུམ་པ་རི་ནས་གླུ་སྒྲ་གྲགས་འགོ་ཚུགས་ཤིང་། རི་ཀླུང་རྒྱབ་ལྗོངས་དང་སྐར་ཚོགས་གནམ་ཡོལ་དུ་བྱས་པའི་གར་སྟེགས་སུ་བོད་ཀྱི་རིག་གནས་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་པ་ལས་མི་རྣམས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱ་བོད་འབྲེལ་བ་དང་ལྷད་མེད་རྣམ་དག་གི་བརྩེ་དུང་གཏམ་རྒྱུད་ཤོད་ཀྱི་ཡོད།
ཤིས་ཨན་ནས་ཡོང་བའི་སྐུ་ཞབས་ཝང་ལགས་ཀྱིས་ཟློས་གར་ཁང་གི་སྒོ་འཛུལ་སྐབས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ང་བོད་དུ་ཡོང་ཐེངས་དང་པོ་ཡིན། མ་ཡོང་གོང་ནས་ངས་གྲ་སྒྲིག་ཨང་བསར་བྱས་པ་ཡིན། 《འུན་ཤིང་ཀོང་ཇོ》དངོས་ལྗོངས་ཟློས་གར་ནི་ལྟ་དགོས་ངེས་རེད་འདུག གར་སྟེགས་ཀྱི་མཛེས་རྩལ་ཧ་ཅང་ཡིད་དབང་འཕྲོག་པ་དང་ཟློས་གར་གྱི་ནང་དོན་མི་རྣམས་མིག་ཆུ་ཤོར་བ་ཞིག་ཡོད་པ་གོ་ཐོས་བྱུང་། མཚན་མོའི་མཐོང་ཐོས་ཀྱི་གསོལ་སྟོན་རྒྱས་པོ་ལོངས་སུ་སྤྱོད་ཆེད། ངས་ད་རེས་སྤ་སེ་ཉོས་ནས་ལྟ་བར་ཡོང་བ་ཡིན”ཞེས་བཤད།
འདི་ནི་བོད་སྐོར་དཀྱིལ་འཁོར་མེ་ཏོག་འགྲེམས་སྟོན་ཁུལ་གྱི་ཟུར་ཞིག་ཡིན་པ།
གསར་འགོད་པར་ཤེས་རྟོགས་བྱུང་བར། ན་ནིང་ཟླ་9པར་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་དང་མཚན་མོའི་འཛད་སྤྱོད་དར་རྒྱས་བཏང་སྟེ། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཤིས་ཨན་དང་། ཁའེ་ཧྥུང་། ཁྲང་ཧྲ་སོགས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་གཞིགས་ཏེ། འབྲེལ་ཡོད་ཇུས་གཞི་ཞིབ་འཇུག་ཧུར་ཐག་བྱས་ནས་བཟོས་པ་རེད།
མཚན་མོའི་དཔལ་འབྱོར་འཛུགས་སྐྲུན་གྱི་དངོས་ཤུགས་ཆེ་རུ་གཏོང་བ་དང་གྲོང་མིའི་མཚན་མོའི་རིག་གནས་བྱེད་སྒོའི་འཇམ་ཤུགས་ཆེ་རུ་གཏོང་བ་ཕྱོགས་གཉིས་ཀར་དམ་འཛིན་བྱས་ཏེ་ཡུལ་སྐོར་དང་། ཉོ་སྒྲུབ། བཟའ་བཏུང་སོགས་གསར་དར་ལས་རྣམ་ནང་འདྲེན་དང་སྐྱེད་སྲིང་ཤུགས་ཆེན་བྱས་པ་དང་། སྒོ་དབྱེ་དང་། འཁྲུག་ཆ་དོད་པ། ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་མཚན་མོའི་དཔལ་འབྱོར་རྣམ་པ་སྐྱེད་སྲིང་ཤུགས་ཆེན་བྱས་པ། གྲོང་མི་དང་དེ་བཞིན་ཡུལ་སྐོར་བའི“མཚན་མོའི་ཡུལ་སྐོར་དང་། མཚན་མོའི་ཉོ་སྒྲུབ། མཚན་མོའི་རོལ་རྩེད། མཚན་མོའི་ཞག་སྡོད། མཚན་མོའི་འགྲོ་སྐྱོད”བཅས་ཕྱོགས་ཡོངས་ཀྱི་མཚན་མོའི་སྤྲོ་གསེང་འཛད་སྤྱོད་དགོས་མཁོ་བསྐངས་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་སྤུས་རྟགས་ཧུར་ཐག་བཏོད་པ་རེད། མིག་སྔར་མཚན་མོའི་ཡུལ་སྐོར་གཙོ་བོར་བྱས་པའི་བོད་སྐོར་དཀྱིལ་འཁོར་དང་། མཚན་མོའི་སྤྲོ་གསེང་གཙོ་བོར་བྱས་པའི་བར་སྐོར་ཚོང་གྲོང་། མཚན་མོའི་བཟའ་བཏུང་གཙོ་བོར་བྱས་པའི་གཙང་འགྲམ་ལམ་དང་ཐེན་ཧའེ་ཚོང་ལས་ཁུལ་སོགས་མཚན་མོའི་དཔལ་འབྱོར་གྱི་སྣ་མང་འཛད་སྤྱོད་རྣམ་པ་ལས་ལྷ་སའི་མཚན་མོ་བཀྲག་མདངས་ཆེ་ལ་འཁྲུག་ཆ་དོད་པ་ཞིག་ཏུ་གྱུར་ཡོད།
འདི་ནི་གྲོང་མིས་བོད་སྐོར་དཀྱིལ་འཁོར་གྱི་ཐང་ཁྲོམ་དུ་ཚོང་ཟོག་འདེམས་བཞིན་པ།
འདི་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ལྷོ་སྣེའི་རོལ་དབྱངས་གྱེན་འཕྱུར་ཆུ་མིག་ཡིན་པ།
འདི་ནི་ཡུལ་སྐོར་བས་ལྕགས་པོ་རིའི་ལྗོངས་གཟིགས་སྟེགས་བུར་དྲན་རྟེན་པར་རྒྱག་བཞིན་པ།