དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གྲོང་ཁྱེར་གྱི “ གློ་བ ” སྟེ་ལྷ་ཀླུ་འདམ་ར་ལེགས་པར་བསྲུངས་ནས་སྐྱེ་ཁམས་ཤེས་དཔལ་མཉམ་དུ་རོལ།

  • ཡོང་ཁུངས།   མི་དམངས་དྲ་བ།   |     སྤེལ་དུས།  2021-07-15
      • ད་ལོ་ནི་འཛམ་གླིང་གི་འདམ་རའི་ཉིན་མོ་ཐེངས་25པ་དེ་ཡིན་པ་དང་། ད་ལོའི་འདམ་རའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“འདམ་ར་དང་ཆུ་གཉིས་ལས་དབང་གཅིག་མཐུན་དང་ཕན་ཚུན་རྟེན་རེས་བྱེད”ཅེས་པ་དེ་རེད། ལྷ་ས་གྲོང་ཁྱེར་གྱི་ནུབ་བྱང་དུ་གནས་པའི་ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱལ་ནང་དུ་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་རེད། ལྷ་སའི་གནམ་གཤིས་སྙོམས་སྒྲིག་དང་། གསོ་རླུང་ཁ་གསབ། ཆུ་རྩ་གསོ་འཁྱོངས། ཆུ་གསོག་འབྲུབ་འགོགས་བཅས་དང་། དེ་བཞིན་ས་འོག་གི་ཆུའི་དོ་མཉམ་དང་། དབྱང་གཉིས་ཐཱན་འགྱུར་བསྡུ་ལེན་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་ཁྲིམས་འགལ་ངང་འདམ་ར་བཙན་བཟུང་དང་སྣོད་བཅུད་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་དམིགས་ཏེ། བཅོས་སྒྲིག་ཐེངས་མང་བྱས་ནས་འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། ད་ཆ་ལྷ་ཀླུ་འདམ་རའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་། ན་ཁ་སླར་གསོ་ཐུབ་པ། ཆུ་བྱའི་གྲངས་འབོར་མང་དུ་ཕྱིན་པ་བཅས་བྱུང་བས། གྲོང་མིས་ཀྱང་སྐྱེ་ཁམས་ཀྱིས་འཚོ་བ་ལ་ཤུགས་རྐྱེན་ཐེབས་པའི་གལ་ཆེའི་རང་བཞིན་མྱོང་ཚོར་དངོས་སུ་ཐུབ་ཡོད་པ་རེད།

        ཁོར་ཡུག་ལེགས་སུ་ཕྱིན་ན་བྱ་བྱིའུ་འཁོར་འདོད་ལོས་ཡོད།

        ནམ་མ་ལངས་གོང་ནས་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་དབྱང་ལེ་དང་ཁོང་གི་ལས་རོགས་ལྷ་ཀླུ་འདམ་རར་འབྱོར་ནས། བྱ་རིགས་ལ་དུས་གཅིག་ཏུ་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་གྲ་སྒྲིག་བྱས། ནམ་ཟླ་དེར་སྲིང་བལ་གྱི་སྟོད་གོས་མཐུག་པོ་ཞིག་གྱོན་ནའང་། གྲང་རླུང་ལྡང་སྐབས་འགོག་ཁག་པོ་ཡོད།  འོན་ཀྱང་ཁོང་ཚོས་གྲང་ངར་ལ་མ་འཛེམ་པར་རྐང་གསུམ་པར་སྟེགས་དང་། རྒྱང་ཤེལ། སྨྱུ་གུ་སོགས་གྲ་སྒྲིག་བྱས་ནས་ལས་བགོས་ཁ་གསལ་བཟོས།

        དབྱང་ལེ་ཡིས “ ད་ཐེངས་ཀྱི་བརྟག་དཔྱད་ནི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས་འགན་ཐེངས་གཉིས་པའི‘སྣོད་བཅུད་མ་ལག་དང་སྣོད་བཅུད་བདེ་འཇགས’ ཁྲོད་ཀྱི‘འདམ་རའི་སྣོད་བཅུད་མ་ལག་དང་ཆུ་དཔྱད་བརྒྱུད་རིམ་འགྱུར་ལྡོག’གི་ཆེད་སྒྲིག་ལ་བརྟེན་པ་ཞིག་ཡིན་པ་དང་། གཙོ་བོ་ལྷ་ཀླུ་འདམ་རའི་བྱ་རིགས་དང་ལྷག་པར་དུ་ཆུ་བྱར་བརྟག་དཔྱད་བྱ་རྒྱུ་རེད”ཅེས་བཤད།

        དབྱང་ལེ་དང་ཁོང་གི་ལས་རོགས་ཚོའི་ངོས་ནས་བརྗོད་ན། འདབ་ཆགས་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱ་རྒྱུ་དེ་ནི་རྒྱུན་གཏན་གྱི་ལས་ཀ་ཞིག་ཡིན་པ་དང་། ལོ་ལྟར་སྐྱེ་འཕེལ་དུས་ཚིགས་དང་དགུན་སྒྲོལ་དུས་སུ“གཙང་པོ་གཅིག་དང་ཆུ་བོ་གསུམ” རྒྱུག་ཁུལ་གྱི་འདབ་ཆགས་འཚོ་སྡོད་བྱེད་སར་འགྲོ་དགོས་ཀྱི་ཡོད་པ་རེད།

        འདབ་ཆགས་ཀྱི་ཁ་གྲངས་བརྩི་རྒྱུ་ནི་བརྟག་དཔྱད་ཁྲོད་ཀྱི་རྒྱུན་གཏན་གྱི་ལས་ཀ་ཞིག་ཡིན་ཞིང་། ཁ་ཤས་ཀྱིས་ས་ཐོག་ཏུ་ཡོད་པའི་འདབ་ཆགས་ཀྱི་ཁ་གྲངས་བརྩི་བ་དང་། ཁ་ཤས་ཀྱིས་བར་སྣང་དུ་འཕུར་བའི་འདབ་ཆགས་ཀྱི་ཁ་གྲངས་བརྩིས་ཏེ། འདབ་ཆགས་གཅིག་ཀྱང་གློད་ཀྱི་མེད།  དབྱང་ལེ་ཡིས “བྱ་རིགས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་ལས་ཀ་ནི་སྙིང་པོ་མེད་པ་ལྟ་བུ་སྣང་ཡང་གོམས་གཤོས་སུ་གྱུར་འདུག”ཅེས་བཤད། ལས་ཀ་དེ་ལོ་10ལྷག་ཙམ་རྒྱུན་བསྐྱངས་ཡོད་པ་རེད།  

        འདི་ནི་དབྱང་ལེ་ཡིས་ལྷ་ཀླུ་འདམ་རར་འདབ་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ། ལི་ཧའེ་ཞ་ཡིས་པར་བླངས།

        ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི (གཤམ་དུ་བསྡུས་མིང་ལ་ལྷ་ཀླུ་འདམ་ར་དོ་དམ་ཅུས་ཞེས་བྲིས་ཡོད)ཅུས་ཀྲང་ལྷ་མོ་ཚེ་རིང་གིས “ཁོར་ཡུག་ལེགས་སུ་ཕྱིན་པས་བྱ་བྱིའུ་འཕུར་ཡོང་འདོད་ཡོད། ལོ་ལྟར་འདམ་རར་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གི་གཟུགས་བརྙན་ཡང་མཐོང་རྒྱུ་ཡོད”ཅེས་བཤད།

        ལྷ་ཀླུ་འདམ་རའི་དུས་བྱ། ལི་ཧའེ་ཞ་ཡིས་པར་བླངས།  

        ཆུ་འགོ་གཙང་མ་བྱུང་ཚེ་སྐྱེ་ཁམས་གཞི་ནས་ལེགས་སུ་འགྲོ་སྲིད།

        འདམ་རར་ཆུའི་ཐོན་ཁུངས་གསོག་ཐུབ་ལ་ཆུའི་སྤུས་ཚད་ཀྱང་ལེགས་སུ་གཏོང་ཐུབ་མོད། འོན་ཀྱང་རང་དགར་འདམ་རའི་ནང་བཙོག་ཆུ་གློད་ཆོག་གི་མེད། འདམ་རར་བཞུར་བའི་ཆུ་འགོ་གཙང་མ་ཡོང་བ་བྱ་ཆེད། ཉེ་བའི་ལོ་ཤས་རིང་ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཡོད།

        འདི་ནི་ལྷ་ཀླུ་འདམ་རའི་ཆུ་འགོ་ཡིན་པ།  ལི་ཧའེ་ཞ་ཡིས་པར་བླངས།

        2014ལོ་ནས་བཟུང་། ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དཔེ་སྟོན་གཏོད་པའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས“ ཆུ་ཡུར་གསུམ” གྱི་ཆུ་རྒྱུད་དྭངས་གཙང་དང་གཙང་སྦྲའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ད་ལྟའི“ཆུ་ཡུར་གསུམ” དྭངས་ཤིང་གཏིང་མཐའ་གསལ་བ་དང་། རྟག་ཏུ་ཆུ་བྱ་དེ་གར་ལྟོ་ཟ་བ་མཐོང་རྒྱུ་ཡོད་པ་རེད། ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་རྡོ་རྗེས “ཆུ་འགོ་གཙང་མ་ཡོད་ཚེ་འདམ་རའི་སྐྱེ་ཁམས་གཞི་ནས་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་ཐུབ”ཅེས་བཤད།

        ཉི་མ་རྡོ་རྗེ་ལྷ་ཀླུ་འདམ་ར་དོ་དམ་ཅུས་སུ་ལས་ཀ་བྱས་ནས་ལོ་10ལྷག་ཙམ་ཕྱིན་ཟིན་པ་དང་། རྣམ་ཀུན་ཁོམ་པ་ཡོད་དུས་ཁོང་གིས་འདམ་རར་སྐོར་བར་འགྲོ་ཡི་ཡོད་པ་རེད། ཁོང་གིས “ སྔོན་ཆད་ཆུ་ཡུར་རྦད་དེ་གད་སྙིགས་ཀྱིས་འགག་པ་དང་། ཆུ་ཡང་མང་པོ་མེད་པ་སོགས། གནད་དོན་ཆེ་ཆུང་སྣ་ཚོགས་ཟམ་མི་ཆད་པར་ཐོན་གྱི་ཡོད། ལོ་ཁ་ཤས་འབད་བརྩོན་བྱས་པ་བརྒྱུད།  ལྷ་ཀླུ་འདམ་ར་སླར་ཡང་དྲན་ཤེས་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཏུ་སླར་གསོ་བྱུང་སྟེ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ང་རང་འདམ་ར་སླར་གསོ་བྱེད་མཁན་གྱི་གྲས་ཤིག་ཡིན་པས་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག”ཅེས་བཤད།

        ཁོང་གི་མིག་ནང་གི་འགྱུར་ལྡོག་ནི་འདམ་རའི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་བཏང་བ་ལས་བྱུང་བ་ཞིག་རེད། ཉི་མ་རྡོ་རྗེས“ སྔོན་ཆད་དེ་གར་ཉ་གྲོང་དང་། ཞིང་པའི་སྤྲོ་སྐྱིད་ཁང་ཡིན་པ་དང་། མིའི་རིགས་ཀྱི་ཚུལ་མིན་གྱི་བྱ་སྤྱོད་ཀྱིས་འདམ་རའི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་བཏང་ཡོད། སྐྱེ་ཁམས་སླར་གསོ་ཡོང་ཆེད། དེ་གའི་དུད་ཚང་29དང་ཉ་གྲོང་8སྤོས་པ་རེད ” ཅེས་བཤད་པ་དང་། ཁོང་གིས་འདམ་རའི་བྱང་ཤར་དུ་གནས་པའི་ཆུ་རྫིང་ཞིག་ལ་མཛུབ་མོ་བཙུགས་ནས “མིག་སྔའི་འདབ་ཆགས་རྣམས་རྩེད་འཇོར་རོལ་བའི་ཆུ་རྫིང་དེ་ལོ་ཁ་ཤས་གོང་བཙོག་ཟིང་ཞན་གྱི་རྣམ་པ་ཅན་དང་། ཆུ་དཀོན་པའི་བྱེ་འགྱུར་ས་ཆ་ཞིག་ཡིན་པ་སུས་ཀྱང་ཡིད་ཆེས་བྱེད་ཐབས་བྲལ ” ཞེས་བཤད།

        འདི་ནི་དེ་སྔ་ལྷ་ཀླུ་འདམ་རའི་བྱང་ཤར་ནི་ཉ་གྲོང་དང་། ཞིང་པའི་སྤྲོ་སྐྱིད་ཁང་ཡིན་པ། ལི་ཧའེ་ཞ་ཡིས་པར་བླངས།

        རྒྱས་སྐྲུན་བྱས་རྗེས་ཀྱི་ལྷ་ཀླུ་འདམ་ར་ནི་དུས་བྱའི་ལྷ་ཡུལ་ལྟ་བུ་ཡིན་པ།  ལི་ཧའེ་ཞ་ཡིས་པར་བླངས།

        ད་ཆ་ལྷ་ཀླུ་འདམ་རའི་སྲུང་སྐྱོང་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་12.2ལོན་ཞིང་།  དེའི་ནང་ལྟེ་བའི་ཁུལ་དེས་སྟོང་སྨི་གྲུ་བཞི་མ་6.6ཟིན་པ་དང་། དལ་རྒྱུག་ཁུལ་དེས་སྟོང་སྨི་ངོས་གྲུ་3.39 ཟིན་པ། ཚོད་ལྟའི་ཁུལ་དེས་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་2.21བཅས་ཟིན་ཡོད་པ་རེད།  

        ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་བཏང་ན་གཞི་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་ཐུབ།

        ལྷ་ཀླུ་འདམ་ར་ནི་དཔེ་མཚོན་གྱི་མཚོ་བོད་ས་མཐོའི་འདམ་ར་ཞིག་ཡིན་པས་ལྷ་ས་གྲོང་ཁྱེར་གྱི་སྐམ་ཤས་ཆེ་བའི་གནམ་གཤིས་སྙོམ་སྒྲིག་བྱ་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད་པས། ལྷ་སའི“གློ་བ”ཡིན་ཞེས་བརྗོད་ཆོག

        དགུན་དུས་སུ་མེ་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་ཆེད། ལྷ་ཀླུ་འདམ་རར་བཀག་སྡོམ་བྱས་ནས་མི་གཏོང་གི་མེད་པ་རེད། སྐོར་སྲུང་བ་བྱམས་པ་དང་ལས་རོགས་ཀྱིས་འདམ་ར་དང་ཉེ་འཁོར་གྱི་གྲོང་མིའི་ཁུལ་གྱི་འབྲེལ་མཚམས་སུ་སྐྱེས་པའི་རྩྭ་རྩི་ཤིང་བཅད་དེ་དུ་མེ་འགོག་ཁུལ་ཞིག་བཟོས་ཡོད་པ་རེད། སྐོར་སྲུང་བ་བྱམས་པས “ དགུན་དུས་སུ་མེ་སྐྱོན་ཤོར་སླ་བས་ཆུ་ཚོད་24ཡི་རིང་ནུས་ཤུགས་ཡོད་རྒུ་འདོན་དགོས་ཀྱི་ཡོད། གལ་སྲིད་དམིགས་བསལ་གྱི་གནས་ཚུལ་འཕྲད་ནས། འདམ་རར་སྐྱོད་དགོས་ཚེ་དོ་དམ་ཅུས་ལ་སྙན་སེང་ཞུ་དགོས་ཀྱི་ཡོད ”ཅེས་བཤད།

        འདི་ནི་དགུན་དུས་ཀྱི་ལྷ་ཀླུ་འདམ་རའི་འདམ་རྩྭ་ཡིན་པ། ལི་ཧའེ་ཞ་ཡིས་པར་བླངས།

        པར་ལེན་ལ་དགའ་བའི་རུས་མིང་ཀྲང་ལགས་དུས་ཁོམ་ཡོད་ཕྱིན་པར་ཆས་འཁྱེར་ནས་ལྷ་ཀླུ་འདམ་རར་པར་རྒྱག་པར་འགྲོ་ཡི་ཡོད་ཅིང་།  དེ་གར་ཁོང་གིས་དཔྱིད་ཀྱི་མྱུ་གུ་འབུས་པའི་ལྗོན་ཤིང་དང་པོ་དང་།  དབྱར་དུས་ས་སྲོས་ཀྱི་མཚམས་སུ་ཆུ་རྫིང་ནས་འཕྱུར་བའི་ཉ། འབྲས་ལྡན་དུས་སུ་གསེར་མདོག་གི་འདམ་རྩྭ་དང་། དགུན་སྒྲོལ་དུ་ཡོང་བའི་བྱ་རིགས་མང་པོར་པར་ལེན་བྱས་ཡོད་པ་རེད།  རུས་མིང་ཀྲང་ལགས་ཀྱིས་དགོད་བཞིན “པར་རྒྱག་ཐེངས་རེར་གྲོགས་ཚོམས་གླིང་དུ་བསྐུར་རྗེས། གྲོགས་པོ་མང་པོས་རྩྭ་ཆུ་བཟང་བའི་འདམ་ར་དང་བྱ་རིགས་སྣ་ཚོགས་མཐོང་སྐབས། ནང་ས་ནས་པར་བརྒྱབ་པ་རེད་སྙམ་བྱུང”ཞེས་ཤོད་ཀྱི་འདུག ལོ་ལྟར་ཁོང་གིས་པར་ཆས་ལ་བརྟེན་ནས་ལྷ་ཀླུ་འདམ་རའི་འགྱུར་ལྡོག་བདེན་དཔང་བྱས་ཡོད་པ་རེད།  

        འདི་ནི་ལྷ་ཀླུ་འདམ་རར་བྱ་བྱིའུ་པར་ལེན་བྱེད་བཞིན་ཡོད་པ།  ལི་ཧའེ་ཞ་ཡིས་པར་བླངས།

        ད་ཆ་ལྷ་ཀླུ་འདམ་ར་སྲུང་སྐྱོང་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་མང་དུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་གསོ་རླུང་མཁོ་འདོན་བྱེད་ནུས་ཆེ་རུ་ཕྱིན་པ་དང་ས་མཐོའི་གསོ་རླུང་དཀོན་པའི་ཁོར་ཡུག་ལེགས་སུ་ཕྱིན་ཡོད་པ་རེད། “རྒན་ཡོལ་ཞུས་རྗེས་ཉིན་ལྟར་བྱིའུ་སྐད་ཁྲོད་དུ་གཉིད་ལས་སད་པ་དང་ས་སྲོས་སུ་སླར་ཡང་འདམ་རར་སྐོར་བ་ཐེངས་གཅིག་བརྒྱབ་ནས་ལུས་སེམས་གཉིས་ཀ་བག་ཕེབས་པོ་འདུག ”ཅེས་ད་ལོ་ལོ་61ལ་སླེབས་ཤིང་ལྷ་ཀླུ་འདམ་རའི་ཉེ་འགྲམ་དུ་འཚོ་སྡོད་བྱེད་བཞིན་ཡོད་པའི་བགྲེས་སོང་དོན་གྲུབ་ཀྱིས་བཤད།

        བཅར་འདྲི་བྱེད་རིང་། ལྷ་མོ་ཚེ་རིང་གིས “ ང་ཚོའི་དམིགས་ཡུལ་ནི་མི་དང་རང་བྱུང་ཁམས་ཀྱིས་སྐྱེ་ཁམས་ཤེས་དཔལ་མཉམ་སྤྱོད་ཐུབ་པ་བྱས་ནས་རང་ཤུགས་སུ་སྲུང་སྐྱོང་གི་འདུ་ཤེས་ཆགས་པ་བྱ་རྒྱུ་དེ་ཡིན། འོན་ཀྱང་དེ་ནི་སྟོང་སྨི་གྲུ་བཞི་མ་12.2དོ་དམ་ཡག་པོ་བྱ་རྒྱུ་ཁོ་ན་ཙམ་མ་ཡིན་པར། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ལོ་ལྔ་ཚན་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་གྲས་ཤིག་ཡིན་པའི་བླང་བྱར་གཞིགས་ནས། ‘ སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི’སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས། འདིར་་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་བསྐྲུན་རྒྱུ་ཡིན་པ་རེད།  སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དེ་བསྐྲུན་རྒྱུའི་ཐད་ང་ལ་བསམ་ཚུལ་གྲངས་ལས་འདས་པ་ཡོད” ཅེས་བཤད། ཉི་མ་ཚེ་རིང་དང་ཚེ་བརྟན་རྡོ་རྗེས་བསྒྱུར། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།