དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་ཞུ་ཐུབ་པའི་བརྩོན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-11

    གསར་འགོད་པར་2021ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འབྱུང་འགྱུར་ལོ་ལྔའི་ནང་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་རང་ངོས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་640ཟིན་པ། ཡུལ་སྐོར་ལས་རིགས་སུ་ཐད་ཀར་རམ་ཡང་ན་ཞོར་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་60ཟིན་པ་བཅས་ཀྱི་བརྩོན་ལེན་བྱེད་རྒྱུ་ཡིན་ཞིང་། དེའི་ཁྲོད་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་ཞིང་འབྲོག་པ་ཚུད་ཡོད་པ་རེད།

    ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལ་དམིགས་ནས་འཐབ་ཇུས་ཀྱི་གོ་སྐབས་གང་མགྱོགས་དམ་འཛིན་དང་། “ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་ཀྱི་ཐབས་ལམ་མཐའ་འཁྱོངས། ཁྱད་ལྡན་ཡག་པོ་གཏོད་པ་དང་། རྩེར་སོན་ལམ་བུར་སྐྱོད་པ། སྤུས་ལེགས་ཁུལ་འཛུགས་པ། ལྗོངས་ཡོངས་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།

    ས་མཐོའི་དར་གོས་ལམ་བུའི་ཡུལ་སྐོར་ཁུལ་ཁོངས་ཀྱི་དཔལ་འབྱོར་རྒྱུད་བཏོད་དེ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཕྱོགས་བསྡུས་བཅས་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་བཏོད་ནས་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེ་མོ་བསྐྲུན་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མ་དང་ཕན་ཚུན་འབྲེལ་མཐུད་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། “ཐང་འཕགས་གནའ་ལམ”དང“ཇ་རྟའི་ཚོང་ལམ”གྱི་ཁྱམས་ལམ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་རེད། རྒྱལ་ཁབ་ཀྱིས་འཆར་འགོད་དང་། སྲིད་ཇུས། མ་དངུལ། རྣམ་གྲངས་སོགས་ནས་ཁྱམས་ལམ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མཚོ་བོད་ལྕགས་ལམ། མཚོ་བོད་གཞུང་ལམ། ཁྲོན་བོད་ལྕགས་ལམ། ཁྲོན་བོད་གཞུང་ལམ། ཡུན་བོད་གཞུང་ལམ(214དང་219)ཤིན་བོད་གཞུང་ལམ་བཅས་དང་དེ་བཞིན་ཀྲུང་ནེ་འགག་སྒོའི་གཞུང་ལམ་ལམ་རྒྱུད་ཀྱི་ཡུལ་སྐོར་གསར་སྤེལ་ལ་རྒྱབ་སྐྱོར་ཐོབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

    གྲོང་གསེབ་དར་རྒྱས་ལ་དམིགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁྱད་ལྡན་ཡུལ་སྐོར་གྱི་ཤང་དང་གྲོང་རྡལ་20དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་དང་རྒྱལ་ཁབ་ཀྱི་མཐའ་མཚམས་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་70གཏོད་པ་དང་ལེགས་སུ་གཏོང་རྒྱུ་དང་སྣེ་ལེན་ཞུ་ནུས་ལྡན་པའི་ཡུལ་སྐོར་ས་ཚིགས་400བསྐྲུན་ཟིན་པ་བྱ་རྒྱུ་རེད།

    རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་ཏེ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་། ཀྲུང་དབྱང་གི་ནོར་སྲིད་མ་དངུལ། བོད་སྐྱོར་མ་དངུལ། རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩ། སྲིད་གཞུང་གི་ཆེད་དོན་བུན་འཛིན། ཁེ་ལས་ཀྱི་མ་འཇོག་སོགས་ཐབས་ལམ་སྣ་མང་ལ་བརྟེན་ནས་མ་དངུལ་བསྡུ་རུབ་དང་། ཕྱོགས་ཡོངས་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་དང་ཚད་གཞི་ཅན་འཛུགས་སྐྱོང་བྱས་ཏེ། ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་79ལས་མི་ཉུང་བ་གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་དང་། མཛེས་ལྗོངས་ཁུལ་དུ་སྐྱོད་སའི་འགྲོ་ལམ་64གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན། ཡུལ་སྐོར་གྱི་རླངས་འཁོར་འཇོག་ས་165ལས་མི་ཉུང་བ་གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན། གློག་གསོག་སྒྲིག་ཆས་སྒྱུར་བཀོད་བྱས་པའི་ད་ཡོད་ཀྱི་ཡུལ་སྐོར་རླངས་འཁོར་འཇོག་ས་80ལས་མི་ཉུང་བ་གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན། ཡུལ་སྐོར་གྱི་སྤྱི་པའི་གསང་སྤྱོད་203གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བཅས་བྱས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་གཏོང་རྒྱུ་ཡིན་པ་རེད།

    ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་རིམ་པ་ནས་སྐྱིད་གྲོང་དང་སྤུ་ཧྲེང་མཐའ་མཚམས་འགག་སྒོར(གྲོང་ཁྱེར་དང་གྲོང་རྡལ)རྒྱབ་སྐྱོར་བྱས་པ་གོ་སྐབས་གལ་ཆེན་དུ་བརྩིས་ནས་ཀྲུང་ནེའི་ས་མཚམས་སྒྲོལ་བའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུ་མ་ཟད་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་མཉམ་ལས་ཁུལ་དུ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་། ཡུལ་སྐོར་ཚོང་ཟོག་ཞིབ་སྤེལ། ཡུལ་སྐོར་དྲིལ་བསྒྲགས་བྲིན་སྐུལ། ས་མཚམས་སྒྲོལ་བའི་ཡུལ་སྐོར་སོགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།