ཉེ་དུས་གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་སྒྲིག་དང་ས་དགའ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ས་དགའ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་རྫོང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་སྒྲིག་འཛུགས་བྱས་ཏེ་རིག་གནས་ཡུལ་སྐོར་ཁྲོམ་རར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཁྲིམས་འཛིན་བརྒྱུད་རིམ་ནང་། ལས་དོན་རུ་མིས་རྫོང་དེའི་མགྲོན་ཁང་དང་། གསོལ་མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་། རོལ་རྩེད་ཁང་སོགས་ལ་ཞིབ་བཤེར་བྱས་པ་དང་རིག་གནས་ཡུལ་སྐོར་ཁྲོམ་རའི་ལས་དོན་མི་སྣས་ཁ་རས་བརྒྱབ་མིན་དང་། ལས་དོན་སྒྲུབ་ཡུལ་དུ་དུག་སེལ་ཟིན་ཐོ་ཡོད་མེད། འགོག་སྲུང་བྱ་ཐབས་སྤྱད་མིན། འགྲུལ་པའི་ཞག་སྡོད་ཆ་འཕྲིན་ཡོད་མེད། ཚ་བ་བརྟག་མིན། རིམས་འགོག་སྨན་ཁབ་བརྒྱབ་མིན། རིམས་ནད་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡིན་པའི་མི་སྣ་ཞག་སྡོད་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད།
ཞིབ་བཤེར་བརྒྱུད་རིམ་ནང་། ཁྲིམས་འཛིན་མི་སྣས་ཁྲོམ་རའི་བྱེད་པོ་ཁག་གི་ལས་དོན་མི་སྣར་ཕྱོགས་མིའི་ཨང་བཤེར་དང་ཞག་སྡོད་སོགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་། ཞག་སྡོད་མི་སྣའི་ཆ་འཕྲིན་ཐོ་འགོད་ཞིབ་ཕྲ་བྱེད་པ། རིམས་ནད་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་མི་སྣ་ཞག་སྡོད་བྱས་ཚེ། འཕྲལ་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་དང་། རྫོང་རིག་གནས་ཡུལ་སྐོར་ཅུས། ཁོངས་གཏོགས་ཁུལ་གྱི་ཉེན་དོན་ས་ཚིགས་བཅས་ལ་གོང་ཞུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཞིབ་བཤེར་བྱེད་སྐབས་ཁྲིམས་འཛིན་མི་སྣ་2བཏང་ནས་རིག་གནས་ཁྲོམ་རའི་བྱེད་པོ་30ལྷག་ཙམ་ལ་ཞིབ་བཤེར་བྱས་པ་རེད།