དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་མོ་གླང་མའི་འདབས་སུ་ལས་གནས་བརྟན་སྲུང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-22

    1956ལོར་བསྐྲུན་པའི་དིང་རི་རྫོང་གནམ་གཤིས་ཅུས་ནི་ཇོ་མོ་གླང་མའི་འདབས་སུ་གནས་པ་དང་། ས་བབ་མཐོ་ཚད་སྨི་4300ཟིན་པས། རིགས་དང་པོའི་དཀའ་ཚེགས་ཆེ་བའི་གནམ་གཤིས་ས་ཚིགས་ཀྱི་ཁོངས་སུ་གཏོགས། དེ་གའི་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་ཞིང་། ལོ་འཁོར་མོར་ལྷགས་པ་ཆེ་ལ་གངས་ཆེན་པོ་བབས་ཚད་མང་བས་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་3.2ལས་ཟིན་གྱི་མེད། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་44.4ཟིན་གྱི་ཡོད། ཁོར་ཡུག་དེ་འདྲའི་འོག་དིང་རིའི་གནམ་གཤིས་ས་ཚིགས་ཀྱི་མི་རབས་འགས་ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་བྱས་ཏེ། ལང་ཚོ་སྐྱེས་སུ་ཕུལ་ནས་མི་དམངས་ལ་ཞབས་འདེགས་ཞུས་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོང་བ་དང་ཆབས་ཅིག ལོ་ལྟར་ཇོ་མོ་གླང་མ་འཛེག་མཁན་དང་ཡུལ་སྐོར་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཡོད། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་ཀྱི་གནམ་གཤིས་ཀྱི་འགོག་རྐྱེན་སེལ་ཆེད། གོང་རིམ་གནམ་གཤིས་སྡེ་ཚན་དང་ཁ་གཏད་བོད་སྐྱོར་ཚན་པའི་རྒྱབ་སྐྱོར་དང་རོགས་རམ་འོག་2015ལོར་དིང་རི་རྫོང་གནམ་གཤིས་ཅུས་ཀྱིས་ཇོ་མོ་གླང་མའི་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་མ་ལག་གསར་སྤེལ་བྱས་ནས་བསྐྲུན་ཞིང་། ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ཉེ་འགྲམ་དུ་དངོས་ལྗོངས་ལྟ་ཞིབ་ཚོད་འཛིན་གྱི་མ་ལག་སྒྲིག་སྦྱོར་བྱས་པ་མ་ཟད། ཇོ་མོ་གླང་མ་འཛེག་སྐབས་བརྒྱུད་དགོས་ངེས་ཀྱི་དིང་རི་རྫོང་ལུའུ་ལུའུ་སྤྱི་བདེ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་གནམ་གཤིས་ཞབས་ཞུའི་འཆར་ཤེལ་སྒྲིག་སྦྱོར་ཡང་བྱས་ནས་ཇོ་མོ་གླང་མའི་ཁུལ་ཁོངས་ཀྱི་གནམ་གཤིས་དང་མ་འོངས་ཉིན་གསུམ་གྱི་གནམ་གཤིས་སྔོན་བརྡ། ལམ་རྒྱུད་ཀྱི་འགྲིམ་འགྲུལ་སྔོན་བརྡ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་སོགས་དུས་ཐོག་ཏུ་བཏང་སྟེ་ཇོ་མོ་གླང་མ་འཛེག་མཁན་དང་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཡོད།

    གཞན་ཡང་། 2005ལོ་ནས་2010ལོའི་བར། དིང་རི་རྫོང་གནམ་གཤིས་ཅུས་ཀྱིས་ཇོ་མོ་གླང་མའི་ཁོངས་སུ་ཀྲུང་གོ་ཚན་རིག་ཁང་གི་རང་འགུལ་གནམ་གཤིས་ས་ཚིགས་དང་། ཇོ་མོ་གླང་མའི་སྒར་ས་ཆེ་མོའི་མི་མེད་རང་འགུལ་གནམ་གཤིས་ས་ཚིགས། རོང་ཕུ་དགོན་གྱི་མི་མེད་རང་འགུལ་གནམ་གཤིས་ས་ཚིགས་བཅས་འཛུགས་སྐྲུན་གྱི་ལས་འགན་སྔ་རྗེས་སུ་ལེགས་སྒྲུབ་བྱས་ཡོད། རང་འགུལ་ས་ཚིགས་གསུམ་བསྐྲུན་ཚུན་དིང་རི་རྫོང་གནམ་གཤིས་ཅུས་ཀྱི་སྲུང་སྐྱོང་ཞིབ་ཚགས་འོག་གྲངས་གཞི་བསྡུ་རུབ་བྱེད་མཚམས་ཆད་པའམ་ཡང་ན་བརྒྱུད་འདྲེན་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ལྷག་མྱོང་མེད་པར། ཇོ་མོ་གླང་མའི་ཁུལ་ཁོངས་ཀྱི་གནམ་གཤིས་གྲངས་གཞིའི་དཔྱད་གཞིའི་ཡང་དག་རང་བཞིན་དང་རྒྱུན་མཐུད་རང་བཞིན་འགན་ལེན་བྱུང་ཡོད།

    དིང་རི་རྫོང་གནམ་གཤིས་ཅུས་ཀྱིས་1959ལོ་ནས་བཟུང་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ལས་སྒོ་གཉེར་འགན་འཁུར་འགོ་ཚུགས་ཏེ་རྒྱལ་སྤྱི་དང་རྒྱལ་ནང་གི་བྱེད་སྒོ་གལ་ཆེན་གྱི་བར་སྣང་གནམ་གཤིས་བརྟག་ཞིབ་ཚད་ལེན་གྱི་འགན་ལེན་ཞབས་ཞུའི་ལས་འགན་སྔ་རྗེས་སུ་ལེགས་སྒྲུབ་བྱས་ཡོད། ལྷག་པར་དུ་2008ལོར“ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད”ཀྱི་གནམ་གཤིས་འགན་ལེན་ཞབས་འདེགས་ཞུ་རིང་དིང་རི་རྫོང་གནམ་གཤིས་ཅུས་ཀྱིས་ལས་སྒོའི་མི་སྣ་སྒྲིག་འཛུགས་བྱས་ཏེ་ཟླ་གཅིག་གི་གོང་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོར་བཅའ་སྡོད་བྱས་ཏེ། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་བདེ་བླག་ངང་བརྒྱུད་སྤྲོད་བྱེད་པར་བར་སྣང་གི་བརྟག་ཞིབ་ཚད་ལེན་གྱི་འགན་ལེན་ནུས་ལྡན་བྱས་པ་རེད།

    ལོ་མང་རིང་། དིང་རི་རྫོང་གནམ་གཤིས་ཅུས་ཀྱིས་ཆེས་རྨང་གཞིའི་ས་ངོས་ཀྱི་ལྟ་དཔྱད་ཚད་འཇལ་ལས་སྒོ་ནས་དམ་འཛིན་བྱེད་འགོ་བཙུགས་ཏེ་ལོ་ལྟར་ལས་སྒོའི་སྦྱོང་བརྡར་ཆེ་མོ་དང་འགྲན་བསྡུར་ཆེ་མོ་སོགས་ཀྱི་ལས་སྒོའི་འགྲན་བསྡུར་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་པ་དང་ལོ་ལྟར་ལས་སྒོའི་རྐང་འཛིན་པ་གོང་རིམ་ཚན་པར་རྗེས་སྙེག་དངོས་སྦྱོང་ལ་འདེམས་གཏོང་བྱས་ཡོད། ལོ་བཅུ་ཕྲག་རིང་རྒྱུན་སྲིང་ལྷོད་མེད་ངང་འབད་བརྩོན་བྱས་པ་བརྒྱུད། ད་ཆ་དིང་རི་རྫོང་གནམ་གཤིས་ཅུས་ཀྱི་ལས་སྒོའི་མི་སྣ་ཚང་མ་ལས་སྒོའི་འཇོན་ཐང་ཅན་དུ་གྱུར་པ་མ་ཟད། ད་དུང་རང་ཉིད་ཀྱི་གནམ་གཤིས་སྔོན་བརྡ་གཏོང་མཁན་ཡང་གསོ་སྐྱོང་བྱས་ཡོད།

    “ད་ཆ་ང་ཚོས་ས་གནས་དེ་གའི་གནམ་གཤིས་སྔོན་བརྡའི་ལས་སྒོ་གཉེར་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་ངང་བོད་སྐད་ཀྱི་ཐོག་ནས་གནམ་གཤིས་སྔོན་བརྡ་གཏོང་བ་དེ་དག་ཚང་མ་ནི་ཅུས་ཀྱིས་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད་རྒྱུན་ཆད་པར་ཤུགས་སྣོན་བརྒྱབ་པའི་འབྲས་བུ་ཤིག་ཀྱང་རེད”ཅེས་དིང་རི་རྫོང་གནམ་གཤིས་ལས་ཁུངས་ཀྱི་ཐའེ་ཀྲང་སྒྲོལ་དཀར་གྱིས་སྤོབས་པ་ཆེན་པོས་བཤད།

    དིང་རི་རྫོང་ནི་ཞིང་ལས་རྫོང་ཆེན་ཞིག་རེད་ལ། སེར་བའི་གནོད་འཚེ་ཐོན་མང་བའི་ས་ཁུལ་ཞིག་ཀྱང་རེད། དུས་རབས་གོང་མའི་ལོ་རབས་90པའི་དུས་འགོ་ནས་བཟུང་། དིང་རི་རྫོང་གནམ་གཤིས་ཅུས་ཀྱིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ཞབས་འདེགས་ཞུས་ཏེ་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒོའི་དོ་དམ་དཔུང་ཁག་བཙུགས་ནས་སེར་བའི་གནོད་འཚེ་མ་བྱུང་སྔོན་དུ་ཚན་རིག་དང་མཐུན་པའི་སྒོ་ནས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་ཐབས་བྱས་པ་དང་ཆབས་ཅིག ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་པ་མང་ཚོགས་ལ་གནམ་གཤིས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པ་དང་ཞིང་པ་མང་ཚོགས་ལ་ཚན་རིག་ལ་ཡིད་ཆེས་དང་རྨོངས་དད་བྱེད་མི་རུང་བའི་ཁྲིད་སྟོན་ཡང་བྱས་ཡོད།

    དིང་རི་རྫོང་སྲིད་གཞུང་གིས་བཏོན་པའི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ཕན་འབྲས་ལས་མངོན་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། དིང་རི་རྫོང་གི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་ས་ཚིགས་7གྱིས་ལོ་རེར་ཆ་སྙོམས་བྱས་ན་མི་ཐབས་ལ་བརྟེན་ནས་སེར་འགོག་གི་ལས་དོན་ཐེངས་40ཙམ་བསྒྲུབས་ཏེ། ཞིང་ཁ་རྒྱ་ཁྱོན་མུའུ་ཁྲི་1.8ལ་སྲུང་སྐྱོང་བྱས་པ་དང་། མེ་སྒྱོགས་བརྒྱབ་ནས་གནམ་གཤིས་ཚོད་འཛིན་ཁྱབ་ཁོངས་སུ་སེར་བའི་གནོད་འཚེ་ཐོན་མྱོང་མེད་པ། གཏོང་ཆ་དང་ཐོན་ཚད་ཀྱི་བསྡུར་གྲངས་1∶37ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།