དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རི་ཀླུང་སྔོ་ལྗང་གོས་ཀྱིས་བཀླུབས། མཛེས་ལྗོངས་སུམ་རྩེན་གནས་ལ་འགྲན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-19

    ཉིང་ཁྲིར“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དང“རང་བྱུང་གི་གསོ་རླུང་མཛོད”ཅེས་བརྗོད་ཀྱི་ཡོད། ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་653.8དང་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་543.6ཟིན་པ་དང་། སྐྱེ་ཤིང་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་13.6ཟིན་ཡོད། དེར་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་སྲུང་སྐྱོང་ཁུལ་4དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་དང་། འདམ་རའི་སྤྱི་གླིང་། ས་གཤིས་སྤྱི་གླིང་སོགས་7 A3རིམ་པ་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་7བཅས་ཡོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་422.2ཟིན་པ་དེས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་36.1%བཟུང་ཡོད། དེ་གར་བྷང་ག་ལའི་སྟག་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་རིགས་130ལྷག་ཙམ་དང་བོད་ཀྱི་ཤུག་སྡོང་ཆེན་པོ་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རྩི་ཤིང་རིགས་28ཡོད།

    སྔོ་ལྗང་གི་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་པ།

    ལོ་མང་པོའི་རིང་ཉིང་ཁྲི་གྲོང་ཁྱེར་གྱིས“ལྟེ་བ་གཅིག་དང་ལྟེ་གནས་དྲུག་དང་། མདའ་གཉིས་ཁུལ་བརྒྱད། ཡུག་བརྒྱ་ཁྱམས་སྟོང”བཅས་ཀྱི་འཛུགས་སྐྲུན་གྱི་བཀོད་པར་དམིགས་ནས་གྲོང་ཁུལ་ནགས་འགྱུར་དང་། རི་ལྡེབས་ལྗང་འགྱུར། བར་ཁྱམས་སྔོ་འགྱུར། གྲོང་གསེབ་དང་གྲོང་རྡལ་གཙང་འགྱུར་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གྲོང་ཁུལ་གྱི་ནགས་ཚལ་གྲོང་ཁྱེར་དུ་ཁྱབ་པ་དང་། གྲོང་འདབས་ཀྱི་ནགས་ཚལ་གྱིས་གྲོང་ཁྱེར་སྐོར་བ། གྲོང་ཁྱེར་འདབས་རོལ་གྱི་ནགས་ཚལ་གྱིས་གྲོང་ཁྱེར་ལ་སྲུང་སྐྱོང་། སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་བཅས་ཀྱི་ལས་གྲྭ་ལག་ལེན་བསྟར་ནས་རི་ཆུ་མཉམ་འདྲེས་དང་ལྗང་མདོག་རྣམ་པར་བཀྲ་བའི་གྲོང་ཁྱེར་ནགས་ཚལ་གྱི་མཛེས་ལྗོངས་མངོན་པར་བྱས་ཡོད།

    ཐང་རྒོད་དང་རི་རྒོད་ནུས་ལྡན་ངང་མེད་པ་བཟོ་བའི་རྨང་གཞིའི་ཐོག་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་གྲྭ་དམ་འཛིན་བྱ་གཞིར་བྱས་ནས་ས་ཆ་ཁག་གཅིག་གི་ས་ཁོངས་སྔོ་འགྱུར་དང་སྐྱེ་ཁམས་སླར་གསོར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་གཉིས་ནང་ནགས་བཟོ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་9.9མང་དུ་ཕྱིན་ཡོད། མ་དངུལ་སྒོར་ཁྲི་4000ཟིན་པའི་གྲོང་ཁྱེར་ཉེ་འཁོར་གྱི་རི་ལྡེབས་ཉམས་གསོའི་ལས་གྲྭ་དང་། མ་དངུལ་སྒོར་ཁྲི་3054ཟིན་པའི་སྨན་གླིང་རྫོང་བརླ་མདོ་གྲོང་ཚོའི་ཅང་ཤིན་གླིང་ཕྲན་གྱི་བྱེ་བཅོས་སྔོ་འགྱུར་ལས་གྲྭ། མ་དངུལ་སྒོར་ཁྲི་2987.3ཟིན་པའི“གཙང་པོ་གཉིས་དང་ཆུ་བོ་བཞིའི”འབབ་རྒྱུད་ཀྱི་ནགས་བཟོའི་ལས་གྲྭ། མ་དངུལ་སྒོར་ཁྲི་1084ཟིན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ། མ་དངུལ་སྒོར་དུང་ཕྱུར་1.4ལྷག་ཙམ་ཟིན་པའི་རྫོང(ཆུས)4ཡི་གཞུང་ལམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི(ནགས་བཟོ)ལས་གྲྭ་བཅས་ལག་ལེན་བསྟར་བ་རེད།

    ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ།

    ནགས་ཚལ་ནི་གྲོང་ཁྱེར་གྱི་གློ་བ་ལྟ་བུ་ཡིན་པས་ཉིང་ཁྲིའི་སྐྱེ་ཁམས་འཛུགས་སྐྱོང་ཁྲོད་མེད་དུ་མི་རུང་བའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་ལ། ནགས་ཚལ་མེ་ཟོན་ལས་དོན་ནི་དེ་བས་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། ནགས་ཚལ་མེ་ཟོན་དྲིལ་བསྒྲགས་བྱ་རྒྱུ་དེ་སྔར་ནས་བཟུང་ནགས་ཚལ་མེ་སྐྱོན་སྔོན་འགོག་བྱེད་པའི་འགོག་སྲུང་འཛིང་རགས་དང་པོར་བརྩི་གི་ཡོད། མེ་སྐྱོན་སྔོན་འགོག་གི་རྣམ་པ་ཟབ་མོ་གཏོད་ཆེད། རིམ་པ་ཁག་གི་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་ཚགས་པར་དང་། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་སུ“མེ་སྐྱོན་སྔོན་འགོག་ལ་དོ་ཁུར་དང་། མེ་སྐྱོན་སྔོན་འགོག་ནང་ཞུགས་པ། མེ་སྐྱོན་སྔོན་འགོག་ལ་རྒྱབ་སྐྱོར”བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཕྱོགས་ཡོངས་ནས་བཏོད་ཡོད།

    དེ་དང་ཆབས་ཅིག ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་ཤུགས་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཚོང་ཟོག་ནགས་ཚལ་གཅོད་མཚམས་ཁྱོན་ཡོངས་ནས་བཞག་པའི་རྨང་གཞིའི་ཐོག རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་ཐབས་ནན་ཤོས་ལག་ལེན་བསྟར་ནས། དོ་དམ་སྲུང་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་300ཡོད་པའི་ཆེད་ལས་དོ་དམ་སྲུང་སྐྱོང་དཔུང་ཁག་52དང་དེ་བཞིན་མང་ཚོགས་ནགས་སྲུང་བ་ཁྲི་12ལྷག་ཙམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བཀག་སྡོམ་སྐྱེད་སྲིང་སོགས་ཀྱི་བྱེད་ཐབས་བརྒྱུད་ནགས་ཚལ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ལོ་གཉིས་རིང་ནགས་ཚལ་སྐྱེད་སྲིང་མ་དངུལ་སྒོར་ཁྲི་2050བཏང་བ། “ཁུལ་རེར་བཅའ་ཁྲིམས་རེའི”ལམ་ལུགས་འཛུགས་ཟབ་ཏུ་བཏང་ནས《ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་སྲོལ་ཡིག》 《ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་བྱེད་ཐབས》 《ཉིང་ཁྲི་གྲོང་ཁྱེར་རང་སྐྱོང་ལྗོངས་རིམ་པའི་ཀོང་པོ་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་བྱེད་ཐབས》སོགས་བཏོན་པ་རེད།

    གྲོང་གསེབ་སྔོ་འགྱུར་མཛེས་འགྱུར་ལ་ཤུགས་སྣོན་བརྒྱབ་པ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་ཁྱིམ་ཚང་དང་། སྐྱེ་ཁམས་འབྱུང་འཕྲོད་གྲོང་ཚོ། བར་ཁྱམས་འཛུགས་སྐྲུན་བཅས་ཚད་བརྒལ་ཡོང་གཞིར་བཟུང་ཐོག་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་དང་སྒོ་ར་སྔོ་འགྱུར་དང་། འགྲོ་ལམ་དང་གྲོང་གསེབ་མཛེས་འགྱུར་དམ་འཛིན་བྱ་གཞི་གཙོ་བོར་བྱས་ནས། “མེད་པར་བཟོ་བ་ལྔ”དང་། ལམ་གཉིས་སྔོ་འགྱུར། གཞོགས་བཞིར་སྡོང་པོ་འཛུགས་པ་སོགས་ཀྱི་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1ཙམ་བཏང་ནས་ཚན་པའི་སྒོ་ར་དང་ཞིང་འབྲོག་པའི་སྒོ་ར་སྔོ་འགྱུར་མཛེས་འགྱུར་བྱེད་པ་དང་། “ལམ་གཉིས་སྔོ་འགྱུར” “གྲོང་ཚོ་དང་ཤང་ཚང་མར་རྩི་ཤིང་ཡོད་པར་བྱེད་པའི”བྱེད་སྒོ་སྤེལ་བས། ཞིང་འབྲོག་ཁུལ་གྱི་སྒོ་རའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཚན་པའི་སྒོ་ར་ཁག་ཀྱང་རིམ་བཞིན་སྐྱེད་ཚལ་ཅན་དུ་འགྱུར་ཡོད་པ་རེད།

    ད་ཆ་ཉིང་ཁྲིའི་ཁྱིམ་དུད་ཚང་མའི་སྒོ་རར་སྔོ་ལྗང་ཚང་ཚིང་འཁྲིགས་པའི་ལྗོན་ཤིང་འབྲས་བུའི་ཁུར་གྱིས་དུད་པ་དང་། ཉམས་དགའ་ཞིང་བག་ཕེབས་པའི་མི་སྡོད་ཁོར་ཡུག་ལས་གྲོང་མི་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད་པ་རེད།

    ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱ་ཁྱབ་ཆགས་པས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཐཱན་ཉུང་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱང་དར་ཁྱབ་ཆེན་པོ་བྱུང་ཡོད་པ་རེད། ནགས་རྩྭའི་སྐྱེ་ཁམས་འཛུགས་སྐྱོང་ལས་དོན་ལ་རྒྱུན་མཐུད་སྐུལ་སྤེལ་གཏིང་ཟབ་བྱས་པ་དང་བསྟུན་ནས། ཉིང་ཁྲིའི་ས་གཞི་ཆེན་པོ་ལྗང་མདོག་གི་ཞིང་ཁམས་ཤིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།