དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་འོག་གངས་ལྗོངས་ཀྱི་གྲོང་གསེབ་དང་ཁྲོམ་ར་ཆེན་པོ་མཉམ་འདྲེས་བྱེད་པའི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-16

    ཟླ་བཞི་པའི་བོད་བྱང་ཐང་སྔར་བཞིན་གངས་བབས་ནས་གྲང་ངར་ཆེན་པོ་ཡོད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོའི་ས་བབ་སྨི་4700ཙམ་ཟིན་པ་དང་། གྲོང་ཚོ་རིམ་པའི་མ་ལམ་དང་དེའི་གཡས་གཡོན་གྱི་འབྲོག་པའི་བདེ་སྡོད་ཁང་པའི་མཐའ་སྣེར་དེང་རབས་ཀྱི་བོད་ལུགས་ཆུ་ཚན་ཐོག་ཁང་གཉིས་ཀྲོང་ངེར་འགྱིངས་ལ། ཐོག་ཁང་གི་མདུན་དུ་རླངས་འཁོར་སྣ་ཚོགས་བཞག་ནས་ཧ་ཅང་་འདུ་འཛི་ཆེ་མདོག་ཅིག་སྣང་།

    དེ་ནི་དུག་ལུང་གྲོང་ཚོའི“གྲོང་ཚོ་གཅིག་ལ་མཉམ་ལས་ཁང་གཅིག”ཁོངས་གཏོགས་ཀྱི་ཆུ་ཚན་ཡུལ་སྐོར་ཐོན་ལས་དར་རྗེས་ཀྱི་རྣམ་པ་རེད། ཉི་མ་ཤང་གི་ཤང་ཀྲང་ཧྲི་ཙུང་པིན་གྱིས་གཡུ་མཛེས་ཆུ་ཚན་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་འོག་ཚ་ནུས་ཆུ་ཚན་ཞིག་རེད། མིག་སྔར་དུག་ལུང་གྲོང་ཚོའི་གཡུ་མཛེས་ཆུ་ཚན་མཉམ་ལས་ཁང་གི་ཞབས་ཞུའི་རྣམ་གྲངས་ལ་ཆུ་རྐྱལ་ཁང་ཆེན་དང་། ཆུ་ཚན་སྨན་བཅོས་ཁང་། ཟ་ཁང་། སྡོད་ཁང་། ཚོང་ཁང་སོགས་ཚུད་ཡོད་ཅེས་བཤད། “2020ལོར་མཉམ་ལས་ཁང་གི་ཁེ་བཟང་སྒོར་ཁྲི་169ཟིན་པ་དང་། འགྲོ་སོང་དང་མ་རྩ་ཕུད། གྲོང་ཚོ་ཡོངས་ཀྱི་མཉམ་ལས་ཁང་ལ་ཞུགས་མཁན་དུད་ཚང་75ཡི་358ལ་བགོ་འགྲེམས་སྒོར་ཁྲི་90བརྒྱབ་པ་དང་ཆ་སྙོམས་དུད་ཚང་རེར་སྒོར་ཁྲི་1.2རག་ཡོད་ལ། ངལ་ནུས་གླ་ཆ་སྒོར་ཁྲི་20སྤྲད་པ་ཡིན”ཞེས་བརྗོད།

    གད་རེས་འཚར་མ་ཐག་པའི་འབྲོག་པ་སྐྱིད་དར་གྱིས་གསར་འགོད་པར“ལོ་མཇུག་ཏུ་བགོ་འགྲེམས་རྒྱག་པ་ཕུད། ང་ཚོ་གྲོང་མི་ཚོས་ལས་གནས་སུ་རེས་མོས་ངང་ཞབས་འདེགས་ཞུ་བཞིན་ཡོད། ཟླ་གཅིག་ལས་རེས་བྱས་ཚེ་ཡོང་འབབ་སྒོར་500ཡོད། དུས་ཚོད་གཞན་གྱི་རིང་རྒྱུན་གཏན་བཞིན་ཕྱུགས་འཚོ་བ་དང་ཕྱིར་གླ་པར་བསྐྱོད་པས་འཚོ་བ་ཡག་ཏུ་ཕྱིན་ལ་གྲོང་ཚོར་ཡང་ཧ་ཅང་འཁྲུག་པོ་འདུག”ཅེས་བཤད།

    ཉི་མ་ཤང་དུག་ལུང་གྲོང་ཚོའི་མཉམ་སྡེབ་ཡུལ་སྐོར་ཐོན་ལས་ནི་བོད་ཀྱི་གྲོང་གསེབ་དང་ཡུལ་སྐོར་ལས་རིགས་ཁྲོམ་ར་མཉམ་འདྲེས་བྱས་པའི་བསྡུས་རིས་ཤིག་རེད།

    གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་དུ་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་127དང་ཡུལ་སྐོར་ཁེ་ལས་སྣ་ཚོགས་2747ཡོད་ཅིང་། ཡུལ་སྐོར་གྱི་སྣེ་ལེན་ནུས་པ་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་300དང་། ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་26 ཁྱིམ་ཚང་མགྲོན་ཁང་2377ལྷག་ཙམ། ཐོན་ལས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་200ཡན་ཟིན་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96བྱུང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.3དང་2.4སོ་སོར་ཡིན་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་7.5ཡི་དབུལ་སྒྲོལ་ལ་སྣེ་ཁྲིད་བྱས་ཡོད་ཅེས་བཤད།

    ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། 2018ལོར་བོད་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་དང་། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ལ་རིན་མི་དགོས་པ་དང་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བཏོན་པས། ཡུལ་སྐོར་ལས་རིགས་ཀྱི་ལོ་ཕྱེད་དཔལ་འབྱོར་གྱི་དཀའ་གནད་བསལ་ཡོད། དེ་དང་དུས་མཚུངས་བོད་དུ “ཡུལ་སྐོར+”དང་། “རིག་གནས+” “དྲ་སྦྲེལ+” “གསར་བརྗེའི་རིག་གནས+” སོགས་ཐོན་རྫས་ཀྱི་གསར་གཏོད་རིམ་སྤོར་མངོན་འགྱུར་བྱུང་ནས་ཞོ་སྟོན་དང་། ཡང་ཀླུང་རིག་གནས་དུས་ཆེན། བྱང་ཐང་རྟ་རྒྱུག་དུས་ཆེན། ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དུས་ཆེན་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་ཡུལ་སྐོར་ཐོན་རྫས་ཁག་གཅིག་སྐད་གྲགས་ཆོད་ཡོད།

    ས་བབ་ཅུང་དམའ་བའི་བོད་ཀྱི་ཤར་རྒྱུད་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ལ། མཇུག་བསྒྲིལ་མ་ཐག་པའི་ཉིང་ཁྲི་གྲོང་ཁྱེར་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་52ཀྱི་ཡིད་དབང་བཀུག་ཅིང་། དེའི་རིང་ཉིང་ཁྲི་གྲོང་ཁུལ་དང་ཉེ་འགྲམ་གྱི་གསོལ་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད།

    གྲངས་གཞི་ལས་མངོན་པར། 2020ལོར་བོད་ཀྱི་གྲོང་གསེབ་ཡུལ་སྐོར་ལས་ཡུལ་སྐོར་བ་མི་ཐེངས་ཁྲི་1061ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་དུང་ཕྱུར་12.17བྱུང་བ་དང་། ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་པ་མི་ཐེངས་ཁྲི་25.9ཡི་ལས་ཞུགས་གཞན་སྒྱུར་ལ་སྣེ་ཁྲིད་བྱས་པར་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་6.3བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།