དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ལྔ་གཅིག”ངལ་གསོའི་ཉིན་དང་པོར་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་ཧ་ཅང་འཁྲུག་ཆ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-04

    475586_yis_1620057600000_s.jpg

    འདི་ནི་ཡུལ་སྐོར་བས་བར་སྐོར་ཁྲོམ་གཞུང་དུ་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་དྲན་རྟེན་པར་རྒྱག་བཞིན་པ།

    “སྤྲིན་ཟམ་འདིར་ཁྱད་ཆོས་ཟབ་མོ་འདུག གློག་སྐས་བསྒར་བས་རྒན་རྒོན་དང་། བྱིས་པ། འགྲོ་སྐྱོད་སྟབས་བདེ་མེད་མཁན་སོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་འདུག” ཟླ་5ཚེས་1ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་པེ་ཅིང་ལམ་གྲོང་ཁྱེར་བརྒྱ་ཟོག་ཚོང་ཁང་གི་འགྲམ་ནས་ཧྲང་ཧའེ་ནས་སླེབས་པའི་ཡུལ་སྐོར་བ་མཁྱེན་ལྡན་མ་ཁྲེན་ལགས་བཅས་པ་དང་ཕྲད། ཁོང་གིས་མི་རིང་བའི་སར་ཡོད་པའི་སྤྲིན་ཟམ་ལ་མཛུབ་མོ་བཙུགས་ཏེ་འདི་ལྟར་བརྗོད།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་5ཚེས་1ཉིན་ལྷ་ས་གོང་དཀར་གནམ་ཐང་གི་འགྲུལ་པ་དབོར་ཚད་མྱུར་དུ་འཕར་ནས་ཉིན་གཅིག་ལ་དུས་གཏན་གནམ་གྲུའི་ཐེངས་གྲངས་155ཟིན་ནས་ལྷ་ས་གོང་དཀར་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    འགྲུལ་པ་ཕྱིར་སྐྱོད་མང་ཤོས་བྱེད་པའི་དུས་བསུ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་གྱིས་འགྲུལ་པ་དབོར་ཤུགས་ཆེ་རུ་བཏང་བ་དང་། བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ། འགྲུལ་པའི་ཞབས་འདེགས་ཞུ་ཚད་ཞིབ་ཚགས་སུ་བཏང་བ་བཅས་བརྒྱུད་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཐོན་སྐྱེད་དང་འཚོ་བ་ཡང་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པའི་འགག་རྩའི་དུས་ཡིན་པས། ལྷ་ས་གོང་དཀར་གནམ་ཐང་གིས་སྔོན་ནས་མཁའ་འགྲུལ་ཀུང་སི་དང་འབྲེལ་བ་བྱས་ནས་དུས་ཆེན་རིང་ལས་དུས་འཕར་མ་གཏན་འཁེལ་གྱིས་དབོར་འདྲེན་འགན་ལེན་གྱི་གནོན་ཤུགས་ལ་དབྱེ་ཞིབ་དང་བརྡར་ཤ་ཡག་པོ་བཅད་དེ་རྒྱ་ཆེའི་འགྲུལ་པའི་ཕྱིར་སྐྱོད་ཀྱི་དགོས་མཁོ་བསྐངས་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན། འགྲུལ་པ་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་ཆེད། ལྷ་ས་མེ་འཁོར་བབས་ཚུགས་དང་རླངས་འཁོར་ས་ཚིགས་ཁག་གིས་དུས་ཆེན་རིང་སྡོད་བྱ་བྱས་ནས་བླང་བྱ་ཁག་དོན་འཁྱོལ་ནན་ཏན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་འགྲུལ་པ་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། “ལྔ་གཅིག”ངལ་གསོའི་ཉིན་མོ་སླེབས་པ་དང་བསྟུན་ནས་རང་ལྗོངས་ཀྱིས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། “ཡུལ་སྐོར+”གྱི་ལས་རྣམ་གསར་པ་སྐྱེད་སྲིང་ཡག་པོ་བྱས་ནས་ཡུལ་སྐོར་བས་ཡུལ་སྐོར་གྱི་ཉམས་ལེན་དེ་བས་ལེགས་པ་ཐུབ་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།