དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་འགྱུར་བར་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-18

    ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང“སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམ་འཛིན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་པོས་སྲུང་སྐྱོང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བ་རེད།

    མཉམ་དུ་སྔོ་ལྗང་རི་ཆུ་སྲུང་སྐྱོང་བྱས།

    སྤོ་བོ་རྫོང་རྡོ་རྗེ་ཤང་ཤིས་པ་གྲོང་ཚོའི་ཉེ་འགྲམ་དུ་རྩེ་མོ་དགུང་དུ་སྙེགས་པའི་གནས་རི་སྒྲོལ་མ་རི་ཡོད་ཅིང་། དེ་གར་རྩྭ་ཆུ་བཟང་ལ་ཡུལ་ལྗོངས་ཤིན་ཏུ་མཛེས།

    འོན་ཀྱང་། ལོ་ཁ་ཤས་ཀྱི་གོང་དུ་ལྗོན་ཤིང་གང་བྱུང་དུ་བཅད་པའི་དབང་གིས་ཤིས་པ་གྲོང་ཚོའི་རི་འདབས་རྩི་ཤིང་ཉུང་དུ་ཕྱིན་རྐྱེན་རླུང་བུ་ལྡང་བ་དང་ཆར་པ་བབས་པའི་སྐབས་སུ་གྲོང་ཚོའི་གང་སར་འདམ་བག་དང་གད་སྙིགས་ཀྱིས་ཁེངས་ཀྱི་ཡོད། དེར་བརྟེན་རྡོ་རྗེ་ཤང་སྲིད་གཞུང་དང་ཤིས་པ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཚོགས་འདུ་འཚོགས་ནས་གནད་དོན་དེར་གྲོས་བསྡུར་བྱས་པ་མ་ཟད། ཐག་གཅོད་ཀྱི་བྱེད་ཐབས་ཀྱང་བཟོས་པ་རེད། “གཅིག་ནས་ལྗོན་ཤིང་གང་བྱུང་དུ་གཅོད་རྒྱུ་གཏན་འགོག་བྱེད་པ་དང་འབྲེལ་ནགས་སྲུང་བ་བཀོད་སྒྲིག་བྱས་ནས་ཉིན་ལྟར་དུས་ངེས་མེད་ཐོག་སྐོར་གཡེང་བྱེད་པ་དང་། གཉིས་ནས་གད་སྙིགས་གཤོ་ས་བཙུགས་པ་དང་། གྲོང་མི་སྒྲིག་འཛུགས་བྱས་ཏེ་རེས་མོས་ཀྱིས་གྲོང་ཚོར་གཙང་སྦྲ་བྱེད་ཀྱི་ཡོད། ད་དུང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་གྲོང་མི་ཚོར་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་གསར་འགོད་པར་ངོ་སྤྲོད་བྱས།

    དེ་ལྟར་རིམ་གྱིས་གྲོང་མི་རྣམས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་ནས་གད་སྙིགས་གང་བྱུང་དུ་མི་དབྱུགས་པ་མ་ཟད། ལྗོན་ཤིང་ཡང་གང་བྱུང་དུ་གཅོད་ཀྱི་མེད་པས། ད་ཆ་གྲོང་ཚོའི་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ཡོད་ལ། སྔོན་མ་གྲོང་ཚོ་དབུལ་པོ་ཞིག་ཡིན་པའི་རྡོ་རྗེ་ཤང་ཡང་ད་ཆ་གྲོང་གསེབ་ཁོར་ཡུག་བཅོས་སྒྲིག་གི་མིག་དཔེར་གྱུར་ཡོད་པ་རེད།

    ཤིས་པ་གྲོང་ཚོར་བྱུང་བའི་འགྱུར་ལྡོག་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བསྡུས་རིས་ཙམ་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་ནས། ལྗོངས་ཡོངས་ཀྱི་སྔོན་དུ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཁུལ་འཛུགས་གཏོད་བྱ་རྒྱུའི་གཏན་འབེབས་བྱས་ཏེ། སྐྱེ་ཁམས་འཛུགས་གཏོད་ལས་དོན་དེ་སྲིད་གཞུང་གི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དང་ལོ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ནང་བཅུག་པ་མ་ཟད། ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཛུགས་གཏོད་ཀྱི་ལས་འགན་ཁག་རིམ་གྱིས་ཁག་བགོས་དང་དོན་འཁྱོལ་བྱས་པར་བརྟེན་ཏང་ཨུད་སྲིད་གཞུང་གིས་འགོ་ཁྲིད་པ་དང་། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྣེ་ཁྲིད་པ། སྡེ་ཚན་གཞན་གྱིས་གཞོགས་འདེགས་བྱེད་པ། མི་དམངས་མང་ཚོགས་ཞུགས་པ་བཅས་ཀྱི་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་ཞིག་ཆགས་ཡོད།

    མཉམ་དུ་སྐྱེ་ཁམས་ཁྱིམ་གཞིས་བསྐྲུན།

    མཛེས་སྡུག་ལྡན་པའི་རི་ཀླུང་ལ་བརྟེན་པ་དང་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་འོག རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་གྱིས་ཁྲོད་རང་བྱུང་ཁམས་སྤྱོད་པ་དང་རང་བྱུང་ཁམས་སྲུང་སྐྱོང་བྱས་པ་མ་ཟད། ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་ཉིང་ཁྲིའི་སྔོ་ལྗང་རི་ཆུ་ནམ་ཡང་གནས་པར་བྱས་པ་དང་ཆབས་ཅིག གསེར་རི་དངུལ་རིའི་སྐྱེ་ཁམས་ཀྱི་ཕན་པ་ཐོབ་པར་བྱས་པ་རེད།

    “ཁོར་ཡུག་ལེགས་སུ་ཕྱིན་པས་ཤྭ་བ་མཆུ་དཀར་ཡང་མང་དུ་ཕྱིན་འདུག”ཅེས་ཀོང་པོ་རྒྱ་མདའ་རྫོང་ཤྭ་བ་མཆུ་དཀར་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་པ་རིལ་རིལ་གྱིས་དགའ་ཚོར་དང་བཅས་ཏེ་བརྗོད་བྱུང་། ད་ཆ་ཚང་མའི་ཁོར་ཡུག་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་ལ་དགའ་ཞེན་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ས་གནས་མང་ཚོགས་ཀྱི་འདུན་པ་ཆེ་ཤོས་སུ་གྱུར་ཡོད།

    ལོ་ལྔ་ཙམ་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་36བྱས་པ་དང་། བྱེ་ས་མུའུ་ཁྲི་45བཅོས་སྒྲིག་བྱས་པ། ལྗོན་ཤིང་མུའུ་18གསབ་བཙུགས་བྱས་པ། དཔལ་འབྱོར་སྡོང་ཕྲུག་སོན་བཟང་རྟེན་གཞི་མུའུ་ཁྲི་གཅིག་ཙམ་བསྐྲུན་ཡོད།

    སྐྱེ་ཁམས་ཀྱི་ཕན་པ་མཉམ་སྤྱོད་བྱས།

    མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་ཡ་གདུང་གྲོང་ཚོར་དེ་སྔོན་རང་བྱུང་ཆ་རྐྱེན་ཞན་པ་དང་། ཐོན་སྐྱེད་རྒྱུ་ཆ་ཁ་ཐང་བ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱིས་རྐྱེན་པས་གྲོང་མིའི་འཚོ་བ་སྐྱོ་པོ་ཡོད། ད་ཕན་ལོ་ཤས་རིང་མེ་ཏོག་ཏུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་དེ་བཞིན་ས་གནས་དེ་གའི་འཕྲིན་གཏོང་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་དེ་གར་སྐྱེ་ཁམས་ཡུལ་སྐོར་དར་འགོ་ཚུགས་ཡོད། གྲོང་མི་ཆོས་སྒྲོན་གྱིས་གོ་སྐབས་དེ་དང་བསྟུན་ནས་ཁྱིམ་ཚང་མགྲོན་ཁང་བཙུགས་པས། སྔོན་ཆད་ལོར་ཡོང་འབབ་སྒོར་ཁྲི་ཡང་མ་ཟིན་པའི་ཁོང་གི་ཁྱིམ་ཚང་ལ་ད་ཆ་ལོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད། “སྐྱེ་ཁམས་ཡུལ་སྐོར་དར་བ་ནས་བཟུང་ང་ཚོའི་ཁྱིམ་ཚང་གི་འཚོ་བ་ལེགས་སུ་ཕྱིན་སོང”ཞེས་ཆོས་སྒྲོན་གྱིས་བཤད།

    སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཁྲོད་ཕན་པ་ཐོབ་མཁན་ཡ་གདུང་གྲོང་ཚོའི་གྲོང་མི་ཙམ་མིན་ཏེ། ཉེ་བའི་ལོ་ཤས་རིང་ཉིང་ཁྲིའི་གནམ་ཐང་རྒྱ་བསྐྱེད་དང་། ལྷ་ཉིང་ལྕགས་ལམ་བསྐྲུན་པ། ཉིང་ཁྲིའི་རིམ་མཐོའི་གཞུང་ལམ་བསྐྲུན་པ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལེགས་བཅོས་དང་སྐུལ་འདེད་བཏང་བ་དང་བསྟུན་ནས་ཉིང་ཁྲིའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འཇུར་མིག་གི་གནད་དོན་སྔར་བས་ཐག་གཅོད་བྱུང་བ་དང་། སྔོན་ཆད་ཀྱི་རི་གྲོང་དབུལ་པོ་མང་པོ་ཞིག་གོམ་ཞེང་ཆེན་པོས་འབྱོར་འབྲིང་ལམ་དུ་བསྐྱོད་ཡོད། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་དུ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་དུད་ཚང་1500ཡི་ཞིང་འབྲོག་མང་ཚོགས་ཁྲི་3ལྷག་ཙམ་ཡོད་པ་དང་། སྐྱེ་ཁམས་ཞིང་འབྲོག་ལས་ཀྱིས་དུད་ཚང་ཁྲི་1.9ལྷག་ཙམ་གྱི་མང་ཚོགས་ཁྲི་7.8ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད།

    ད་ཆ་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་ནམ་མཁའ་གཡའ་དག་ཅིང་ཆུ་མོ་དྭངས་བ་དང་མཁའ་རླུང་གཙང་བས་མཛེས་སྡུག་ལྡན་པའི་ཉིང་ཁྲི་སྔར་བས་མཚར་སྡུག་རྣམ་པར་བཀྲ་བ་དང་ཉིང་ཁྲིའི་སྐྱེ་ཁམས་ཁོར་ཡུག་གིས་མི་རྣམས་ཀྱི་ཡིད་ཀྱི་དྭངས་བ་འདྲེན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།