དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྗང་མདོག་རྨང་གཞིར་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-14

    འདས་ཟིན་པའི་ལོ་གཅིག་ནང་། བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཧུར་ཐག་བསྐྲུན་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་ས་མཐོ་དེ་བས་མཛེས་པར་འགྱུར་བར་བྱེད་པ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཇེ་ཆེར་ཕྱིན་ཡོད་པ་རེད།

    སྐྱེ་ཁམས་བར་མཐོངས་དེ་བས་ལེགས་ལ་མཛེས་སྡུག་ལྡན་པར་གྱུར་པ།

    ཉེ་བའི་ལོ་ཤས་ནང་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངང་སེར། ཤྭ་བ་མཆུ་དཀར་སོགས་གཙོ་བོར་བྱས་པའི་རི་སྐྱེས་སྲོག་ཆགས་ལྷུན་གྲུབ་རྫོང་གི་རང་བྱུང་སྲུང་སྐྱོང་ཁུལ་དུ་རང་དགར་འཚོ་སྡོད་བྱེད་བཞིན་ཡོད་པས་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་རྣམ་པ་ཞིག་མངོན་ཡོད།

    རང་བྱུང་སྲུང་སྐྱོང་ཁུལ་དང་དེ་བཞིན་དེའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ལྡན་ཡོད། 2020ལོའི་ཟླ་4པར་བོད་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་ཚོགས་འདུ་འཚོགས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དཔྱད་དཔོག་ལེགས་སྒྲིག་དང་རང་བྱུང་སྲུང་སྐྱོང་ས་ཆ་བསྡུ་སྒྲིལ་དང་ལེགས་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    2020ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རིགས་གཅིག་མཁས་ཅན་གྱི་དུས་ཡུན་ཟླ་4ལྷག་ཙམ་རིང་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ས་ཆ་བསྡུ་སྒྲིལ་དང་ལེགས་སྒྲིག་གི་བརྟག་ཞིབ་དཔྱད་དཔོག་ལས་དོན་ལེགས་སྒྲུབ་ཟིན་ནས《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ས་ཆ་བསྡུ་སྒྲིལ་དང་ལེགས་སྒྲིག་གི་སྔོན་ཇུས(ཞིབ་བཤེར་མ་ཟིན)》གྲུབ་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་བར་མཐོངས་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་བཅས་ཕྱོགས་ཡོངས་ནས་དབྱེ་འབྱེད་གཏན་འཁེལ་བྱས་ཡོད། སྐྱེ་ཁམས་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་ནས་བོད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་45%བཟུང་ཡོད་པ་རེད། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ལག་བསྟར། སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་སྣ་ཚོགས་22འཛུགས་སྐྲུན་བཅས་བྱས་པས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་རྣམ་པ་ཕྱོགས་ཡོངས་ནས་ཆགས་པར་སྐུལ་འདེད་བཏང་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ།

    ཉེ་བའི་ལོ་ཤས་ནང་ལྷ་ས་གྲོང་ཁྱེར་གྱིས་གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གང་བྱུང་དུ་སྒེར་བཟུང་དང་། གང་བྱུང་དུ་སྔོག་འདོན། གང་བྱུང་དུ་སྤུངས་པ། གང་བྱུང་དུ་འཛུགས་སྐྲུན་སོགས“གང་བྱུང་བཞི”ཡི་བྱེད་སྤྱོད་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བཅོས་སྒྲིག་བྱས་ཏེ། གཙང་པོ་དང་ཆུ་བོ་རྒྱུག་ཁོངས་ཀྱི་ཁོར་ཡུག་ལེགས་པོ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཚོར་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པ་རེད།

    “གང་བྱུང་བཞི”ཡི་གནད་དོན་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་ཆུ་དཔོན་གཞུང་དོན་ཁང་གིས་རྫོང(ཆུས)ཁག་ལ་དུས་ཚོད་ཀྱི་མཚམས་ཚིགས་ལ་ནན་པོར་གཞིགས་ནས་བཅོས་སྒྲིག་བྱེད་པ་དང་། ཚོར་སྐྱེན་ཆུ་ཁོངས་དང་གཙང་པོའི་དུམ་བུ་གལ་ཆེན་དབྱེ་དགོས་པའི་བླང་བྱར་གཞིགས་ཏེ། ཆུ་ལམ་དུ་བྱེ་མ་འདོན་པའི་ཚོར་སྐྱེན་ཆུ་ཁོངས་དང་ཆུ་ལམ་གཙོ་བོ་དབྱེ་མཚམས་ནན་པོ་འབྱེད་པ་དང་། ཆུ་ལམ་གཙོ་བོ་དང་ཚོར་སྐྱེན་ཆུ་ཁོངས་ནས་བྱེ་མ་འདོན་པར་དོ་དམ་བྱེད་མཁན་ཆུ་དཔོན་དང་མཚོ་དཔོན། སྲིད་འཛིན་གཙོ་གཉེར་སྡེ་ཚན། ས་གནས་ས་ཐོག་གི་ལྟ་འདོམས་སྡེ་ཚན། སྲིད་འཛིན་ཁྲིམས་འཛིན་སྡེ་ཚན་བཅས་ཀྱི་འགན་ཁུར་བའི་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་གང་ལེགས་བྱེད་དགོས་པ་དང་ཁྲིམས་འགལ་ངང་ཆུ་ལམ་ནས་བྱེ་མ་འདོན་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། གནས་ཚུལ་ཤེས་མ་ཐག་རྡུང་རྡེག་གཏོང་བ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བའི་བླང་བྱ་བཏོན་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བོད་རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། སྦགས་བཙོག་ཕྱིར་འབུད་ཀྱི་ཆོག་འཐུས་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་མཁན་ལ་ཚེ་གང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། རྒྱལ་ཡོངས་ཀྱིས་སྦགས་བཙོག་ཡོང་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་ལེགས་སྒྲུབ་བྱས་ཏེ། ཆུའི་ཐོན་ཁུངས་དོ་དམ་ནན་ཤོས་ལ་སྐུལ་འདེད་བཏང་བ་དང་ཆུ་ལམ་གཙོ་བོ་དང་ཚོར་སྐྱེན་ཆུ་ཁོངས་56ནས་བྱེ་མ་འདོན་རྒྱུར་ཚོད་འཛིན་ནན་པོ་བྱས་ཡོད། སྐྱེ་ཁམས་རྒྱུ་ནོར་དཔྱད་དཔོག་དང་ཐཱན་འདུས་དཔལ་འབྱོར་ཞིབ་འཇུག་ལེགས་སྒྲུབ་བྱུང་བ། སྐྱེ་ཁམས་ཀྱི་ཁ་གསབ་སྣ་ཚོགས་སྒོར་དུང་ཕྱུར་296.3སྤྲད་དེ་མང་ཚོགས་དེ་བས་མང་བར་སྐྱེ་ཁམས་ནས་ཡོང་འབབ་ཡོང་བར་བྱས་པ་དང་མི་དང་རང་བྱུང་ཞི་མཐུན་མཉམ་གནས་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་རང་འགུལ་ཞིག་ཏུ་འགྱུར་བར་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པར”སླེབས་སྐབས་བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་འཆར་འགོད་བྱས་ཏེ། ཐཱན་འདུས་ཚད་མཐོ་ཤོས་སུ་སླེབས་པའི་བྱ་སྤྱོད་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་རྒྱུ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་ཏེ་རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་བོད་ཀྱི་དུམ་བུ་འཆར་འགོད་འཛུགས་སྐྲུན་བྱས་ཏེ་ཇོ་མོ་གླང་མ་དང་བྱང་ཐང་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་རེ་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་རེད། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གནམ་གྲུ་ནས་སོན་གཏོར་ནགས་བཟོའི་ཚོད་ལྟར་སྐུལ་འདེད་བརྟན་པོ་གཏོང་བ་དང་ས་བབ་མཐོ་ཚད་སྨི་4300མན་གྱི“འགྲམ་བཞིར”ཤིང་འཛུགས་ནགས་བཟོ་བྱས་ཏེ་ནགས་ཚལ་མུའུ་ཁྲི་110འདེབས་ཐུབ་པ་བྱས་ནས་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཡན་ཟིན་པའི་འགན་ལེན་བྱ་རྒྱུ་རེད།

    སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    དུས་རབས་གོང་མའི་ལོ་རབས་80པའི་ལོ་འགོའི་བྱེ་རླུང་འཚུབ་པ་ནས་ད་ཆའི་ས་ཁུལ་མང་ཆེ་བར་ཆུ་དྭངས་སྔོ་ལྗང་དང་། ཡུལ་ལྗོངས་མཛེས་སྡུག་ལྡན་པ། ཡར་ཀླུང་གཙང་པོའི་ངོགས་སུ་འགྱུར་ལྡོག་ཆེན་པོ་བྱུང་བ་བཅས་ནི་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་སྒྲིག་བྱས་པ། ལྷོ་ཁས་ལོ་བཅུ་གྲངས་ཉིན་གཅིག་ལྟར་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་དང་། ནགས་བཟོའི་ལག་རྩལ་འཚོལ་ཞིབ། ཚན་རིག་དང་མཐུན་པའི་གཡོག་བྱེད་སོགས་ཐད་ཀྱི་དཀའ་སྤྱད་བློས་གཏོང་དང་ཁ་འབྲལ་ཐབས་མེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བོད་རང་སྐྱོང་ལྗོངས་ཀྱིས་ས་ཁོངས་གཙོ་བོའི་སྐྱེ་ཁམས་སྤྱི་ཕན་གླིང་དང་བྱེ་འགོག་བྱེ་བཅོས་སོགས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་ཁྱེར(ས་ཁུལ)5དང་རྫོང་3གྱིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་བསྐྲུན་པ་དང་། “ལྗོན་ཤིང་མེད་པའི་གྲོང་ཚོ”1079དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་10.5ཚང་མར་ལྗོན་ཤིང་ཡོད་པར་བྱས་ཡོད་པ་རེད། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་ཕྱོགས་ཡོངས་ནས་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་རིགས་5ཤེས་རྟོགས་བྱུང་ནས་མིག་སྔར་སྐམ་སའི་ཐོག་གི་རི་སྐྱེས་སྲོག་ཆགས་རིགས་1072ཟིན་པ་དང་། ཁྲུང་ཁྲུང་སྐེ་ནག་8000ལྷག་ཙམ་བར་འཕར་བ། གཙོད་ཁྲི་20ལས་བརྒལ་བ་བཅས་བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།