དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་དང་རྩི་ཤིང་ཚང་མ་སྲུང་སྐྱོང་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-14

    བདེ་མཆོག་གྲོང་ཚོ་ནི་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་གནས་པ་དང་། མཐའ་མཚམས་དང་བར་ཐག་སྨི་བརྒྱ་ཕྲག་ཁ་ཤས་ལས་མེད། དེར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བ་དང་འཚོ་བའི་ཆ་རྐྱེན་ཞན་པོ་ཡིན།

    དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུའི་སྐབས་བདེ་མཆོག་གྲོང་ཚོར་དུད་ཚང་3ལས་མེད། དེ་རྗེས་ཀྱི་ལོ་60ཡི་ནང་སེང་གེ་ཁ་འབབ་གྲོང་རྡལ་གྱི་རྒྱ་སྨུག་གྲོང་ཚོའི་མང་ཚོགས་བདེ་མཆོག་གྲོང་ཚོར་གཅིག་རྗེས་གཉིས་མཐུད་ངང་སྤོས་ཡོང་ནས་། 2018ལོར་བདེ་མཆོག་གྲོང་ཚོའི་ཡུལ་མི་དུད་ཚང་48དང་མི་171བར་མང་དུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་རིང་བདེ་མཆོག་གྲོང་ཚོའང་དེའི་ནང་ཚུད་ཡོད། ད་ཆ་བདེ་མཆོག་གྲོང་ཚོའི་ཁྱིམ་ཚང་ཚང་མ་ཐོག་བརྩེགས་ཅན་གྱི་ཁང་པར་སྤོས་པ་མ་ཟད། ཆུ་དང་། གློག ལམ། དྲ་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡོད་པར་གྱུར་ནས་འཚོ་བ་ཉིན་བཞིན་སྟབས་བདེ་རུ་ཕྱིན་ཡོད། “གུང་ཁྲན་ཏང་མེད་ན་ང་ཚོ་མཐའ་མཚམས་ཡུལ་མིའི་འཚོ་བ་སྐྱིད་པོ་འདི་འདྲ་ག་ནས་ཡོང་། ངས་ལྗོན་ཤིང་མང་ཙམ་བཙུགས་ནས་གྲོང་ཚོ་སྔར་ལས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་རྒྱུ་ཡིན་ལ། ལྗོན་ཤིང་དང་མཉམ་དུ་རྒྱལ་ཁབ་ཀྱི་མཐའ་མཚམས་བསྲུང་རྒྱུ་ཡིན”ཞེས་ལོ་60ལ་སླེབས་ཤིང་ཏང་ལོ་ལོ་20ཟིན་པའི་ཏང་ཡོན་རྒན་གྲས་དབང་རྒྱལ་གྱིས་བདེ་མཆོག་གྲོང་ཚོའི་ཡུལ་མི་ཡོངས་ཀྱི་སེམས་གཏིང་གི་སྐད་ཆ་དེ་བཤད་པ་རེད།

    རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ།

    རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་109ཟིན་པའི་ཨ་སམ་གྲོང་ཚོ་ནི་གྲོ་མོ་རྫོང་གྲོ་མོ་སྨད་ཤང་གི་ལྷོ་རྒྱུད་དུ་གནས་པ་དང་། གྲོང་ཚོ་ཡོངས་ལ་དུད་ཚང་26དང་མི་གྲངས་90ཡོད། རྒྱ་གར་དང་འབྲུག་ཡུལ་རྒྱལ་ཁབ་གཉིས་དང་འབྲེལ་ཡོད།

    “ཕྱུགས་འཚོས་ནས་མཐའ་མཚམས་བསྲུང་རྒྱུ་ནི་ངའི་ཆུང་དུས་ཀྱི་བསམ་འདུན་ཡིན། ངས་ཕ་མེས་ཚོ་དང་འདྲ་བར་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཁྱིམ་ཚང་དང་རྒྱལ་ཁབ་སྲུང་སྐྱོང་ཡག་པོ་བྱས་ཏེ། སྐར་ལྔའི་དར་དམར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བ་བྱ་རྒྱུ་ཡིན”ཞེས་ལོ་25ལ་སླེབས་པའི་སྐལ་བཟང་བསྟན་འཛིན་གྱིས་བློ་རྩ་བརྟན་པོའི་ངང་བཤད།

    བློ་བཟང་བསྟན་འཛིན་ཧ་གཉིད་སད་ཙམ་ནས་ཁོ་པའི་ཕ་ལྷག་པ་དོན་གྲུབ་དང་ཨ་ཁུ་མིག་དམར་ཚེ་རིང་གཉིས་ཀྱིས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བ་དང་། ལོ་དང་ཟླ་བ་བསྟུད་དེ་སྤྱི་ལེ་40ཙམ་ཟིན་པའི་མཐའ་མཚམས་ལ་གོམ་པ་རེ་རེ་བཞིན་བསྐྱོད་ཡོད། རྟག་ཏུ་ཕ་མེས་ཚོས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་དཀའ་ཚེགས་དང་དོན་སྙིང་སྐོར་གླེང་བ་ཐོས་རེ་བཞིན་སྐལ་བཟང་བསྟན་འཛིན་ལ་སྤྲོ་སྣང་ཆེན་པོ་སྟེར་ཏེ་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་འདུན་པ་དེ་ནས་བཟུང་ཁོང་གི་སེམས་ནང་ཟུག་ཡོད།

    ད་ཆ་སྐལ་བཟང་བསྟན་འཛིན་ཕ་བུ་གཉིས་ཀྱིས་རིར་ཕྱུགས་འཚོ་རིམ་བཞིན་དང་ཐོག་བྱེད་པའི་ལས་ཀ་ནི་ཕྱུགས་འཚོ་ཡུལ་གྱི་སྐར་ལྔའི་དར་དམར་གསར་པ་བརྗེས་ནས་དེའི་དམར་མདངས་ནམ་ཡང་བཀྲ་བར་བྱ་རྒྱུ་དེ་རེད།

    རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུད་འཛིན་བྱས་ཏེ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་བཞིན་ཡོད།

    མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།

    ཕུ་མ་བྱང་ཐང་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཤང་ཞིག་ཡིན་ཞིང་། དེ་གར་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པའི་ཁར། ས་རྒྱ་ཆེ་ལ་མི་འབོར་ཉུང་བས། ཁ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཡང་ཟིན་གྱི་མེད། དེའི་ལྷོ་ཕྱོགས་འབྲུག་ཡུལ་དང་འབྲེལ་ནས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་25ཙམ་ཟིན་གྱི་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཤང་དེ་ཡོངས་ཀྱི་འབྲོག་པ་རྩྭ་ཆུ་བཟང་སར་སྐྱས་སྤོས་ནས་འཚོ་སྡོད་བྱེད་ཅིང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འབྲོག་པ་ཚོ་རིམ་བཞིན་གཞིས་ཆགས་བྱུང་བ་དང་། ཆ་རྐྱེན་ཡང་རིམ་བཞིན་ཡག་ཏུ་སོང་བའི་འབྲོག་པ་ཚོས་རྒྱུ་ཆ་རང་ས་ནས་བླངས་ཏེ། རྩྭ་དང་འདམ་གྱིས་ཀ་བ་དང་། སྒེའུ་ཁུང་། སྒོ་ར། གྱང་བཅས་ཡོད་པའི“རྩྭ་ཁང”བརྒྱབ་ཡོད། 2008ལོར་བོད་ཀྱིས་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་ཡིས་ཕུ་མ་བྱང་ཐང་གི་མང་ཚོགས་ཚོ་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི“བདེ་སྡོད་ཁང་པའི”ནང་སྤོས།

    2020ལོའི་ཟླ་4པར་ལྷོ་ཁ་གྲོང་ཁྱེར་གྱིས་ཆ་འགྲིག་མ་དངུལ་སྒོར་ཁྲི་9432བསྡུ་སྒྲིལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕུ་མ་བྱང་ཐང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། “འབྱོར་འབྲིང་ཁང་པའི”རྒྱ་ཁྱོན་ལ་སྨི་ངོས་གྲུ་200ཙམ་ཟིན་པའི་ཁར། སྒོ་ར་དང་། ཤེལ་ཁང་། ཆུ། གློག ལམ། འཕྲིན་གཏོང་སོགས་ཀྱི་འབྲེལ་ཡོད་ཀྱི་ཆ་འགྲིག་སྒྲིག་ཆས་གང་དགོས་འཛོམས་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

    སྡོད་ཁང་ལེགས་སུ་ཕྱིན་པ་ལས་དུས་རབས་ཀྱི་འཕོ་འགྱུར་ལ་དཔང་པོ་ཐུབ་ནས་དུས་རབས་ཀྱི་གཏམ་རྒྱུད་བརྗོད་པ་དང་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ཟིན་བྲིས་སུ་བཀོད་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་ཚད་གཞི་མཐོ་བའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་604བསྐྲུན་པ་དང་མཐའ་མཚམས་གཞུང་ལམ་130ཡི་སྤྱི་ལེ་3080བཏིང་བ་དང་བསྐྱར་སྐྲུན་བྱས་ཡོད།

    མཐའ་མཚམས་མི་སེར་གྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

    པ་སངས་ཚེ་རིང་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ། ཡུལ་སྨད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དཔང་པོ་བྱེད་མཁན་ཞིག་ཀྱང་ཡིན།

    རི་མཐོ་ཞིང་ལམ་ཐག་རིང་བ་དང་མི་འབོར་ཉུང་བའི་ཡུལ་སྨད་དུ་2009ལོར་གཞི་ནས་ཆུ་ཕྲན་དྲངས་ནས་གློག་ཁང་ཆུང་ཆུང་ཞིག་བརྒྱབ་པ་ཡིས་ས་གནས་དེ་གར་གློག་ཤར་གཏོང་མི་ཐུབ་པའི་འཚོ་བ་མཇུག་འགྲིལ་ནའང་གློག་བརྟན་པོ་མེད། 2018ལོའི་ཟླ་2པར་རྒྱལ་ཁབ་གློག་དྲ་ལྷོ་ཁའི་གློག་མཁོ་འདོན་ཀུང་སིའི་ལས་དོན་པས་གློག་ཆན་ཧྥུའུ་10ཟིན་པའི་གློག་སྐུད་ཡུལ་སྨད་ཤང་དུ་ཁྲིད་པ་རེད། པ་སངས་ཚེ་རིང་གིས“གློག་ཁང་ཆུང་ཆུང་ནས་གློག་དྲ་ཆེན་པོའི་བར་འགྱུར་ལྡོག་བྱུང་བ་ནས་བཟུང་། ཡུལ་མི་ཚོས་གློག་ཆས་འཚིག་པའི་སེམས་ཁྲལ་བྱེད་མི་དགོས་པར་གྱུར་ལ། ཤང་གི་འཕྲིན་གཏོང་ས་ཚིགས་ཀྱང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་ཡིས་ང་ཚོའི་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་ཕྱིན་སོང”ཞེས་བཤད།

    གློག་ཤུགས་ལ་འགྱུར་ལྡོག་ཕྱིན་པ་ནི་ཡུལ་སྨད་ཀྱི་དམངས་འཚོ་ལེགས་སུ་ཕྱིན་པའི་ཆ་ཤས་ཤིག་རེད། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཡུལ་སྐོར་གསར་སྤེལ་ལ་སྐུལ་འདེད་བཏང་བ་དང་བསྟུན་ད་ཆ་ཡུལ་སྨད་ཤང་གི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་40དང་ལོར་མི་རེར་ཆ་སྙོམས་ཁེ་གཙང་ཡོང་འབབ་34012ཟིན་ནས་ཡུལ་མི་མི་ཉུང་བས་རང་ཁྱིམ་དེ་ཁྱིམ་ཚང་མགྲོན་ཁང་དང་། ཚོང་ཁང་ཆུང་ཆུང་། མྱུར་སྐྱེལ་ས་ཚིགས་བཅས་སུ་བསྐྲུན་ཡོད།

    རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་ནས་འཚོ་བར་སྟབས་བདེ་བྱུང་བ་དེས་ཡུལ་སྨད་ཤང་གི་ཡིད་དབང་འཕྲོག་ཤུགས་ཆེ་རུ་ཕྱིན་ཞིང་། 2019ལོའི་ཟླ་4པར་ཡུལ་གཞན་ནས་དུད་ཚང་47སྤོས་ནས་ཡུལ་སྨད་ཤང་གི་ཐེམ་ཁུངས་མི་འབོར་191བར་མང་དུ་སོང་ཡོད།

    ད་ཆའི་བོད་ཀྱི་མཐའ་མཚམས་ས་ཁུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་མཐའ་མཚམས་ཡུལ་མིའི་འཚོ་བ་ཉིན་བཞིན་ཡག་ཏུ་སོང་ལ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཀྱང་རིམ་བཞིན་གངས་ལྗོངས་ཀྱི་བུ་ཕྲུག་ཚོའི་སེམས་ལ་བརྟན་པོར་ཟུག་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།