རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པའི་སྐྱེ་ཁམས་དམར་ཐིག་གིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་45%ཟིན་པ་དང་། རིགས་ཁག་གི་སྐྱེ་ཁམས་ནུས་པའི་སྲུང་སྐྱོང་ཁུལ་22བསྐྲུན་ནས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་ཕྱོགས་ཡོངས་ནས་ཆགས་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། བཙོག་འབུད་ཆོག་འཐུས་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་སོགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད།
བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་རང་སྐྱོང་ལྗོངས་ཀྱི“དོན་ཆེན་བཞིར”གཏན་འཁེལ་བ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ། སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་སྤྱོད་ལག་བསྟར་ནན་ཏན་བྱེད་པ། ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ལ་ཚོད་འཛིན་ནན་པོ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་པ་བཅས་བྱས་ནས། མཚོ་བོད་ས་མཐོ་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་ཧུར་ཐག་སྐྲུན་བཞིན་ཡོད། མིག་སྔར་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
2020ལོར་རང་ལྗོངས་ཀྱི་མངའ་རིས་ས་ཁུལ་ལ་ཁག་བཞི་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ས་ཁུལ་གྱི་མཚན་སྙན་ཐོབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཉན་ལ་ཞུགས་མཁན་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བསྟན་པ་དབང་ཕྱུག་གིས་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ“སྔར་ནས་བཟུང་། མངའ་རིས་ས་ཁུལ་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་རྒྱལ་ཁ་བླངས་ཡོད། རྫོང་7གྱི་རྫོང་གྲོང་གི་མཁའ་རླུང་ལེགས་པའི་ཉིན་གྲངས་98%ཡན་ཟིན་པ་དང་། ལྗོན་ཤིང་ཁྲི་31.17བཙུགས་པ། མེ་ཏོག་སྨི་ངོས་གྲུ་ཁྲི་1087བཏབ་པ། སེང་གེ་ཁ་འབབ་གཤོངས་སའི་སྐྱེ་དངོས་ཀྱི་བྱེ་འགོག་བྱེ་བཅོས་འདུ་འགོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་རིམ་རྩིས་ལྟར་ན་འདུ་འགོད་ཀྱི་ནགས་བཟོ་མུའུ་ཁྲི་5.3ལེགས་སྒྲུབ་བྱས་ནས། ལྗོན་ཤིང་རྐང་ཁྲི་885བཙུགས་པ་དང་རྩྭ་མུའུ་6100བཏབ་ཡོད”དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་ཐོན་ལས་སུ་བསྐྲུན་པ་དང་ཐོན་ལས་སྐྱེ་ཁམས་སུ་འགྱུར་བ་བྱས་ནས། མུའུ་8479ཟིན་པའི་སྐྱེ་ཁམས་སྡོང་ཕྲུག་ར་བ་18བསྐྲུན་ཏེ་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ཡོད་ཅེས་གསུངས།
བསྟན་པ་དབང་ཕྱུག་གིས་ངོས་འཛིན་གནང་དོན། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་སྔར་བཞིན་འགྲན་སློང་མང་པོ་འཕྲད་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་དོན་དང་དམིགས་ཚད་གཞིར་བཟུང་། ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “གཟེར་འདེབས་སྙིང་སྟོབས”ལ་བརྟེན་ནས་ཞིང་ལས་ཀྱི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ། ས་རྒྱུ་སྦགས་བཙོག་དང་ས་ཆུ་ཤོར་བ་སོགས་བཅོས་སྒྲིག་དང་ཉམས་གསོར་ཤུགས་སྣོན་རྒྱག་པ། ཁོར་ཡུག་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ནས། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
2019ལོར་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་བདེ་བླག་ངང་བསྐྲུན་ཡོད། བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཧྲི་ཀྲང་བཅས་ཡིན་པའི་ཁྲེན་ཅུན་གྱིས་ངོ་སྤྲོད་གནང་དོན། དུས་ཡིན་རིང་པོའི་ནང་། ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ཆབ་མདོ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རྩེ་རིམ་ཇུས་འགོད་ལ་བརྟེན་ནས་འགན་ལེན་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ནུས་ལྡན་གྱི་འགག་སྒྲོལ་ལ་བརྟེན་ནས་བཅོས་སྒྲིག་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། གཙོ་གནད་ལྷུ་ཚིགས་ལ་བརྟེན་ནས་སྲུང་སྐྱོང་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་ཕྱོགས་སྒྱུར་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། ། དམངས་ཡོངས་ཞུགས་པར་བརྟེན་ནས་ཁྲིད་སྟོན་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་མཉམ་གནས་དང་མཉམ་འདྲེས་ཡོང་བ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།