དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྲོལ་ཡིག་གི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-28

     ཟླ་1ཚེས་24ཉིན《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་དང་། འདི་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། སྲོལ་ཡིག་གི་དགོངས་དོན་དོ་ནན་ངང་སློབ་སྦྱོང་དང་ལག་བསྟར་བྱས་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་རང་ངོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་མི་རིགས་ཆོས་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་ལིའུ་གཡོད་ད་ཐེངས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་མྱོང་བས་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་བཟོས་ནས་བཏོན་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ཁྲོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་བ་དང་། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྐྱེ་ཁམས་ཁེ་ཕན་ལ་སྲུང་སྐྱོང་བྱས་པ། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་པ། དེ་བས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་མི་དམངས་ཀྱི་རེ་འདོད་དང་དོན་གཉེར་བྱེད་སར་བསྟུན་ཡོད”ཅེས་བརྗོད་པ་རེད།

    ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་སུའོ་ཡི་ཞིབ་འཇུག་དངོས་སྦྱོང་པ་ཁྲེན་ཧྥུང་གིས“ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་བྱས་པ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་སྟེ་ཁྱུ་ཚོགས་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། 

    དེ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱ་སྤྱོད་སོགས་ཀྱི་ཤུགས་རྐྱེན་དབང་གིས་རྩྭ་ར་ཞན་འགྱུར་དང་རི་སྐྱེས་སྲོག་ཆགས་མིའི་རིགས་ཀྱི་བྱ་སྤྱོད་སྤེལ་ཁོངས་སུ་ཡོང་ནས་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་ཡང་ཡང་སློང་གི་ཡོད།《སྲོལ་ཡིག》ལག་བསྟར་བྱས་པ་དེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཀྱི་བརྟག་དཔྱད་ཞིབ་འཇུག་ལ་སྐུལ་མ་ཐེབས་ནས་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་སློང་བའི་རྒྱུ་རྐྱེན་འཚོལ་ཐུབ་ལ། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་ཇུས་གཞི་བཟོས་པ་དེས་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་སློང་ཚད་དམའ་རུ་གཏོང་ཐུབ། དེ་དང་ཆབས་ཅིག་རི་སྐྱེས་སྲོག་ཆགས་ཀྱི་ཆག་སྒོའི་གནོད་འཚེའི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཕན་ནས་ཞིང་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཐུབ་སྟེ་ཞིང་འབྲོག་པས་རང་འགུལ་ངང་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་ལས་དོན་ལ་ཞུགས་པར་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་མེད་པར་གྱུར་ནས་བོད་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་དེ་བས་ལེགས་པའི་སྒོ་ནས་སྐུལ་མ་ཐེབས་སྲིད”ཅེས་བརྗོད།

    “གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་རྒྱབ་ལྗོངས་འོག་ས་བབ་དམའ་བའི་ས་ཁུལ་དང་བསྡུར་ན། རང་ལྗོངས་ཀྱི་ཆུའི་ཐོན་ཁུངས་དང་། སྐྱེ་ཁམས་སྔོ་ཁེབས། འཁྱག་རོམ། ས་ཁོངས་ཀྱི་གནམ་གཤིས་སོགས་ས་ཁོངས་ཁོར་ཡུག་རྒྱུ་རྐྱེན་གྱི་འགྱུར་ལྡོག་དེ་བས་མངོན་གསལ་དོད་པ་དེས་འབྲོག་ལས་དང་། སྣོད་བཅུད་ཁོར་ཡུག ཆུའི་ཐོན་ཁུངས་སོགས་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། མིག་སྔར་མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་རྣམ་གྲངས་ཀྱི་འདེགས་སྐྱོར་འོག་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ལ་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། གསར་དུ་བསྐྲུན་པའི་ལྟ་དཔྱད་ས་ཚིགས་དང་། ལྟ་དཔྱད་ཡོ་ཆས། དེ་བཞིན་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་སྔར་བས་སྐུལ་མ་ཐེབས་སྲིད། 《སྲོལ་ཡིག》བཏོན་པ་དེ་ཧ་ཅང་གལ་འགངས་ཆེ་ལ་སྐབས་དང་ཏག་ཏག་འཁེལ་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཝང་པིང་པིང་གིས་བརྗོད།

    གཞི་རིམ་གྱི་ལས་བྱེད་པའི་བསམ་བློའི་འདུ་ཤེས་དུས་རབས་ཀྱི་བླང་བྱའི་རྗེས་སུ་དམ་པོར་འབྲང་དགོས། བྱ་སྤྱོད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་ནི་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། “བོད་ཀྱི་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་དང་སྔོ་ཞིང་དྭངས་པའི་རི་ཆུར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོའི་མི་རབས་འདིས་སྔོན་ལ་མིག་དཔེ་སྟོན་པ་དང་ལག་ལེན་བསྟར་དགོས་པའི་བྱ་བ་ཞིག་རེད”ཅེས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཕུ་འདམ་ཤང་གི་ཤང་ཀྲང་ཏུའུ་ཞུའེ་སུང་གིས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།