ཟླ་1ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། 《སྲོལ་ཡིག》དེ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུའི་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་དང་2021ལོའི་ཟླ་5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
རང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣས་ཚགས་པར་དང་། དྲ་རྒྱ། བརྙན་འཕྲིན། རླུང་འཕྲིན། སྨྱན་སྦྱོར་གསར་པ་སོགས་ཐབས་ལམ་སྣ་མང་བརྒྱུད་འབྲེལ་ཡོད་ཀྱི་འཕྲིན་སྤེལ་ལྟ་ཉན་བྱས་པ་དང་ཚང་མའི་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་སྟེ《སྲོལ་ཡིག》ཚད་གཞིར་འཛིན་པ་དང་སོ་སོའི་ལས་གནས་ལ་གཞི་ཚུགས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
འབྲི་རུ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣ་ཡོན་ཧྲའོ་ཝུན་གྱིས། 《སྲོལ་ཡིག》ལ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དེ་གནས་བབ་དེ་བས་མངོན་གསལ་དོད་སར་འཇོག་པ། ལས་ཀའི་ཧུར་སེམས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དུས་ཐོག་ཏུ་མཐིལ་རྟོགས་གྲལ་བཤེར་བཅས་བྱས་ནས་དུས་ཐོག་ཏུ་ཤེས་རྟོགས་དང་། དུས་ཐོག་ཏུ་ཐག་གཅོད། དུས་ཐོག་ཏུ་གོང་ཞུ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣ་ཀུའོ་དབྱིང་ཡ་ཡིས་གསར་འགོད་པར། 《སྲོལ་ཡིག》ནང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན་ཞེས་འཁོད་ཡོད། 《སྲོལ་ཡིག》ནང་ད་དུང་ལོ་ལྟར་གྱི་ཟླ་8པ་དེ་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བར་གཏན་འཁེལ་བྱས་ཡོད། “གཞི་རིམ་གྱི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ང་དང་ངའི་ལས་རོགས་ཚོས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཤེས་བྱའི་དྲིལ་བསྒྲགས་ལས་དོན་སྤེལ་བ་དང་། སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ཁྲོད་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ང་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
བདག་སྐྱོང་གི་ལས་དོན་སྐོར་གླེང་སྐབས། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ཆེད་ལས་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་བྱམས་པ་མཁས་གྲུབ་ཀྱིས། བདག་སྐྱོང་ས་ཚིགས་ཀྱི་འགན་འཁྲི་ནི་རྒྱུན་གཏན་གྱི་ནགས་ཚལ་སྐོར་སྲུང་བྱེད་པ་དང་། ནགས་ཚལ་དུ་མེ་སྐྱོན་མི་ཤོར་བ་བྱེད་པ། མེ་སྐྱོན་ཤོར་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་བ། ནགས་ཚལ་ཐོན་ཁུངས་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་གཏན་འགོག་བྱེད་པ། ནད་དང་འབུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཡིན། བདག་སྐྱོང་ས་ཚིགས་བཙུགས་ནས་ལོ་5སོང་རིང་བདག་སྐྱོང་ཁུལ་དུ་ཤིང་ནགས་ལྐོག་གཅོད་དང་། རི་སྐྱེས་སྲོག་ཆགས་ལྐོག་རྔོན། རི་སྐྱེས་རྩི་ཤིང་ལྐོག་སྔོག་དང་སྲོག་ཆགས་ཀྱི་རིམས་ནད་སོགས་ཀྱི་གནད་དོན་ཐོན་མེད། “《སྲོལ་ཡིག》གི་འདེགས་སྐྱོར་ཡོད་སྟབས། ང་ཚོས་བདག་སྐྱོང་ལས་དོན་སྤེལ་སྐབས་སེམས་ཁྲལ་བྱེད་དགོས་ཀྱི་མི་འདུག ང་ཚོས་དུས་དང་རྣམ་པ་ཀུན་ཏུ‘སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བ་ཡིན་པ’བློ་ལ་བརྟན་པོ་ངེས་ནས་གྲོང་ཚོ་ཁག་གི་སྐྱེ་ཁམས་ལས་གནས་ཐོག་ཡོད་པའི་མང་ཚོགས་དང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ར་འོག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགོག་རགས་བརྟན་པོ་ཞིག་བསྐྲུན་རྒྱུ་ཡིན”ཞེས་བརྗོད་པ་རེད།