“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་སྐྲུན་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
ཡར་འབྲོག་གཡུ་མཚོ་དེ་2014ལོར་རྒྱལ་ཁབ་ཀྱི་མཚོ་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོད་ལྟའི་འདུ་འགོད་རྣམ་གྲངས་ནང་བཅུག་པ་ནས་བཟུང་། ཡར་འབྲོག་གཡུ་མཚོའི་ཉེ་འཁོར་གྱི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་དེར་གནས་བཅའ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ལོ་རེ་བཞིན་མང་དུ་སོང་ཡོད། འདི་ནི་ཉེ་ཆར་ཡར་འབྲོག་གཡུ་མཚོའི་མཚོ་ངོས་ནས་པར་བླངས་པའི་ཆུ་བྱ་ཡིན་པ།
སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་སྔར་བྱུང་མྱོང་མེད་པའི་མཐོང་ཆེན་བྱེད་ཚད་དང་། མ་དངུལ་གཏོང་ཤུགས། ལས་ཀ་སྒྲུབ་ཤུགས། དམངས་ལ་ཕན་པ་ཐོབ་ཁྱོན་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཤེས་དཔལ་སྐྲུན་རྒྱུ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་མཐུད་ཡོང་བར་འགན་ལེན་ནུས་ལྡན་ཐུབ་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་ལག་ལེན་བསྟར་བ། རི་བོ་དང་། ཆུ་བོ། ནགས་ཚལ། ས་ཞིང་། མཚོ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་མ་ལག་སྤྱི་འདོམས་ངང་བཅོས་སྐྱོང་བྱེད་པ། “གྲོང་ཚོ་ཚང་མར་སྐྱེ་ཤིང་ཡོད་པ”དང“དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ”དེ་བཞིན་ལྷ་སར“སྔོ་ཁེབས་ཀྱིས་སྐོར་བ”དང་། ཆུའི་མ་ལག་སྒྱུར་བཀོད་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཞིང་། ལོ་ལྔ་ཡི་རིང་། རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་596བྱས་པ་དེ“ལོ་ལྔ་ཚན་བཅུ་གཉིས་པ”ལས་15.5%འཕར་ནས་ནགས་ཚལ་ཁེབས་ཚད་12.14%ཟིན་པ་དང་། རྩྭ་རའི་ཕྱོགས་བསྡུས་སྔོ་ཁེབས་རྒྱ་ཁྱོན་46.7%ཟིན་ནས། བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།
ཤིང་འཛུགས་ནགས་བཟོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཡག་ཏུ་བཏང་བ།
ད་བར་གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་ཡུལ་མིས་སྔོན་མའི་ཁོར་ཡུག་ཉམས་ཞན་གྱི་བག་ཆགས་ད་དུང་ཡང་བརྗེད་མེད། དེ་དུས་གྲོང་ཚོར་བྱེ་རླུང་ལྡང་ཚེ་ཉི་མའང་གསལ་པོ་མཐོང་ཐུབ་ཀྱི་མེད་པས། བྱ་དཀའ་བྱེད་གཏད་དུ་འགྱུར་ནས་ཁྱིམ་དུ་སྡོད་རྒྱུ་ལས་མ་འདས། 2016ལོར་གྲ་ནང་རྫོང་གིས་མུའུ་ཁྲི་ཟིན་པའི་བོད་རྩྭའི་རྩི་ཤིང་སོན་འདེབས་རྟེན་གཞི་བསྐྲུན་ནས་ལོ་གཅིག་ཙམ་གྱི་རྗེས་བྱེ་རླུང་ལྡང་ཚད་ཧ་ཅང་ཉུང་དུ་སོང་ཡོད་པ་རེད།
དེ་ནི་རང་ལྗོངས་ཀྱིས་ཤིང་འཛུགས་ནགས་བཟོའི་ལས་དོན་ཤུགས་ཆེན་སྤེལ་ནས་སྐྱེ་ཁམས་ཤེས་དཔལ་སྐྲུན་རྒྱུར་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་ཡིན།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ནགས་ལས་དང་དམངས་འཚོའི་ནགས་ལས་ཀྱི་གཙོ་རྐང་གཉིས་ལ་དམིགས་ཏེ། ནགས་ཚལ་དང་རྩྭ་རའི་སྐྱེ་ཁམས་སྲུང་སྐྱོང་དང་སྐྲུན་རྒྱུར་མ་དངུལ་སྒོར་དུང་ཕྱུར་201.79བཏང་ནས་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་ནགས་ལས་ཀྱི་གནོད་འབུ་འགོག་བཅོས་དང་དེ་བཞིན་འགོག་སྲུང་ནགས་ཚལ་དང་། བྱེ་འགོག་བྱེ་བཅོས། གཙོ་གནད་འདམ་ར་སྲུང་སྐྱོང་དང་བསྐྱར་གསོ་སོགས་ཀྱི་ནགས་ཚལ་དང་རྩྭ་རའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཆེན་པོ་བཅུ་བསྐྲུན་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ཡོད།
བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་བསྐྲུན་པའི་འགོག་སྲུང་ནགས་ཚལ་མ་ལག་དང་། རྨོ་བསྐྱུར་ནགས་བཟོ། བྱེ་འགོག་བྱེ་བཅོས་སོགས་ཀྱི་གཙོ་གནད་ལས་གྲྭ་ལག་ལེན་བསྟར་བར་བརྟེན་ནས་བོད་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ནགས་བཟོ་མུའུ་ཁྲི་596.48བྱས་ནས་ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་སོགས་ས་ཁུལ་གྱི་འགོག་སྲུང་ནགས་ཚལ་མ་ལག་གི་གཞི་ཁྱོན་རགས་ཙམ་ཆགས་པ་དང་། རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་གསུམ་བཙུགས་པར་ས་ཁྱོན་མུའུ་ཁྲི་45ཟིན་ཡོད། “སྐྱེ་ཤིང་མེད་པའི་གྲོང་ཚོ”དང“སྐྱེ་ཤིང་མེད་པའི་དུད་ཚང”ཚང་མར་ཕྱོགས་ཡོངས་ནས་སྐྱེ་ཤིང་ཡོད་པ་དང་། ཕྱུགས་བསྐྱུར་རྩྭ་བཟོ་མུའུ་ཁྲི་4020 རྨོ་བསྐྱུར་རྩྭ་བཟོ་མུའུ་ཁྲི་15.01 རྩྭ་ར་ཉམས་ཞན་བསྐྱར་གསོ་བཅོས་སྒྲིག་མུའུ་ཁྲི་35.37 ཨ་བྲ་དང་། འབུ། རྩྭ་ངན་བཅས་ཀྱིས་གནོད་འཚེ་བཏང་བའི་ས་ཞིང་མུའུ་ཁྲི་2200བཅོས་སྒྲིག་བཅས་བྱས་པ་རེད།
སྲུང་སྐྱོང་སྔོན་ལ་བཞག་ནས་སྐྱེ་ཁམས་མི་ཉམས་པར་བྱས་པ།
དགུན་ཁ་འཆར་བའི་སྐབས། ལྷུན་གྲུབ་རྫོང་ལྕང་ར་ཤར་གྲོང་ཚོར་གྲང་ངར་ལྷག་པར་ཆེ་ཡང་། གྲོང་ཚོའི་ནགས་སྲུང་བ་ཚོ་རང་འགུལ་ངང་ཉེ་འཁོར་གྱི་ཤིང་ནགས་སུ་སྔར་བཞིན་སྐོར་གཡེང་ལ་བསྐྱོད་ཡོད། གྲོང་ཚོའི་ནགས་སྲུང་རུ་ཁག་ནི་2013ལོར་བཙུགས་པ་དང་། ད་ཆ་མི་18ཡོད་པ་དག་ཚོགས་ཆུང་གསུམ་ལ་བགོས་ནས་ཁག་སོ་སོར་གྲོང་ཚོའི་ཉེ་འཁོར་དུ་ཁུག་གསང་མ་ལུས་པར་དུས་ངེས་མེད་ངང་སྐོར་གཡེང་བྱེད་ཀྱི་ཡོད།
ནགས་སྲུང་རུ་ཁག་དང་ཧ་ལམ་དུས་གཅིག་ཏུ་བཙུགས་པའི་གྲས་སུ་ད་དུང་གྲོང་ཚོའི་འདམ་ར་སྲུང་སྐྱོང་རུ་ཁག་ཡོད། ལྕང་ར་ཤར་ཤང་ལྕང་ར་འདམ་ར་ནི་ལྕང་ར་ཤར་གྲོང་ཚོའི་འདམ་ར་ཆེ་ཤོས་ཡིན་པ་དང་འཕན་པོ་ལུང་ཤུར་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། འདམ་རའི་ནང་གི་རྩི་ཤིང་གཙོ་བོ་གྲང་འགོག་འདམ་སྐྱེས་སམ་ཕྱེད་འདམ་སྐྱེས་ཀྱི་རྩི་ཤིང་ཡིན་ཞིང་། དེ་གར་ངུར་བ་དང་། ཁྲུང་ཁྲུང་མགོ་ཁྲ། ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆགས་མི་ཉུང་བ་འཚོ་སྡོད་བྱེད་ཀྱི་ཡོད།
འདམ་རའི་ཉེ་འགྲམ་དུ་འདམ་ར་སྲུང་སྐྱོང་བ་སྒྲོལ་དཀར་དང་ཁོང་གི་ཚ་མོ་བསྟན་འཛིན་ལྷག་སྒྲོན་གྱིས་འདམ་རའི་ར་སྐོར་བརྒྱུད་སྐོར་གཡེང་བྱེད་རིང་། ར་སྐོར་ལ་སྐྱོན་ཤོར་མིན་ཞིབ་བཤེར་བྱེད་པ་མ་ཟད་མཐའ་འཁོར་གྱི་གད་སྙིགས་ཀྱང་སྒྲུག་གི་ཡོད་པ་གསར་འགོད་པས་མཐོང་བྱུང་། “ང་སྲོག་ཆགས་ལ་དགའ་པོ་ཡོད། དགུན་ཁ་འདི་གར་ཁྲུང་ཁྲུང་སྐེ་ནག་དང་ངུར་བ་མང་པོ་ཡོད་པས་འདམ་རར་སྐོར་སྲུང་ལ་འགྲོ་དུས་ང་རང་དེ་ཚོ་དང་མཉམ་དུ་སྡོད་རྒྱུར་དགའ་པོ་ཡོད། ནང་མི་ཚོས་ཀྱང་རྟག་ཏུ་ང་ལ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་སློབ་གསོ་རྒྱག་གི་འདུག”ཅེས་སྒྲོལ་དཀར་གྱིས་བཤད།
བོད་ཀྱི་ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་ཐུབ་པ་དེ་རྒྱ་ཆེའི་ནགས་སྲུང་དཔུང་ཁག་གིས་རང་འགན་གཙང་སྒྲུབ་བྱས་པ་ལས་བྱུང་བ་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་རང་བྱུང་ནགས་ཚལ(སྡོང་རིང་ནགས་ཚལ)མུའུ་ཁྲི་7583.68ལ་བདག་སྐྱོང་ནུས་ལྡན་ཐུབ་ཅིང་། རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱས་པའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་རིགས་སྣ་ཚོགས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་མ་ལག་རིམ་གྱིས་ཆགས་ནས། ལྗོངས་ཡོངས་ཀྱི་80%ཡན་གྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དཔེ་མཚོན་ཅན་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
ལྗང་མདོག་འཕེལ་རྒྱས་བཏང་ནས་མང་ཚོགས་ལ“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ”འཕར་བ་བྱས་པ།
རྒྱལ་ལམ་318ཀྱི་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས་སྤོ་བོ་རྫོང་རྒུ་ཤང་རྒུ་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རྒྱལ་ལམ་གྱི་འགྲམ་དུ་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཞིང་། 2018ལོར་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་4ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཡུལ་སྐོར་ཞབས་ཞུ་དང་། འགྲུལ་སྐྱེལ། ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་སོགས་ལ་ཞུགས་པར་ཡོང་འབབ་སྒོར་ཁྲི་410ལྷག་ཙམ་བྱུང་ཡོད།
“འདིར་འཚོ་བ་སྐྱིད་པོ་འདུག ཁོར་ཡུག་མཛེས་ལ་ཡོང་འབབ་ཀྱང་མང་པོ་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་གི་ལྷ་མོས་དགའ་ཚོར་ཆེན་པོས་བཤད། ཉེ་བའི་ལོ་ཤས་རིང་སླད་ཤང་གི་ཡུལ་སྐོར་ལས་རིགས་རིམ་གྱིས་འཕེལ་རྒྱས་སོང་བ་དང་བསྟུན་ནས་ལྷ་མོས་ཀྱང་ཨ་ནེའི་ལྕག་སྐུལ་འོག་སླད་ཤང་དུ་ཡོང་སྟེ་ཨ་ནེའི་ཁང་པ་གཡར་ནས་ཟ་ཁང་ཆུང་ཆུང་ཞིག་བཙུགས།
བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་ལས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དེ་བས་མང་བར“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ”རག་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་མི་ཐེངས་ཁྲི་122.34ལ་ནགས་ལས་སྐྱེ་ཁམས་ཁ་གསབ་ཀྱི་ལས་གནས་བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་པར་ཡོང་འབབ་སྒོར་དུང་ཕྱུར་40ཙམ་མང་དུ་བཏང་ཡོད།
དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱས་པ།
མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་སྐྱེ་ཁམས་བཟང་བའི་གྲོང་ཚོ་དང་། སྐྱེ་ཁམས་བཟང་བའི་ཤང་དང་གྲོང་རྡལ། སྐྱེ་ཁམས་བཟང་བའི་རྫོང་། སྐྱེ་ཁམས་བཟང་བའི་གྲོང་ཁྱེར(ས་ཁུལ)སོགས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར་དུ་ཞིབ་བཤེར་རྩིས་ལེན་བྱས་ཡོད། ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ་གྲོང་ཁྱེར་བཅས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་སྔོན་ལ་ཚོད་ལྟ་ལག་ལེན་བྱེད་པའི་དཔེ་སྟོན་ཁུལ་གྲས་སུ་བཅུག་སྟེ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་བཟང་བའི་གྲོང་ཚོ་2373དང་། སྐྱེ་ཁམས་བཟང་བའི་ཤང་དང་གྲོང་རྡལ་213 སྐྱེ་ཁམས་བཟང་བའི་རྫོང་17བཅས་བདམས་ཡོད།
ཉིང་ཁྲི་གྲོང་ཁྱེར་དང་། བྲག་ཡིབ་ཆུས། གྲོ་མོ་རྫོང་བཅས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་དུ་འཛུགས་གཏོད་བྱས་ཡོད།
ལོ་མང་རིང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ལས་དོན་བསྒྲུབས་པ་ལས། བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ། སྤྱི་ཚོགས་ལས་རིགས་ཁག་ཏུ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རིམ་གྱིས་ཆགས་པ་བཅས་བྱུང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད།
ད་ཆའི་བོད་ཀྱི་ས་ཆ་གང་སར་སྔོ་ཞིང་དྭངས་བའི་རི་ཆུ་མཐོང་རྒྱུ་ཡོད་པ་མ་ཟད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རིང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་ཟམ་མི་ཆད་པར་ཟབ་ཏུའང་ཕྱིན་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣