དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ལྷ་སའི་ཉེ་འགྲམ་གྱི་རྫོང་གྲོང་འདིར་འགྱུར་ལྡོག་འདི་ལྟར་ཡོང་དོན་ཅི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-19

    796030_yis_1608263964927_s.jpg

    འདི་ནི་ལྷུན་གྲུབ་རྫོང་ཁྲུང་ཁྲུང་མཇིང་ནག་རང་བྱུང་སྲུང་སྐྱོང་ཁུལ་དུ་འཕུར་ལྡིང་བྱེད་བཞིན་པའི་ཁྲུང་ཁྲུང་མཇིང་ནག་ཡིན་པ།

    ཉེ་དུས་ལྷུན་གྲུབ་རྫོང་གཡག་རོང་གྲོང་ཚོའི་གྲོང་མི་རྡོ་རྗེ་ལ་གོམས་གཤིས་གསར་པ་ཞིག་ཡོད་པ་སྟེ། ཕྱི་ལ་འགྲོ་རིམ་བཞིན་ཁོང་གིས་ཁྱིམ་གྱི་སྒོ་ལྕགས་བརྒྱབ་སྟེ་ཡག་པོ་ཐེབས་ཡོད་མེད་བལྟས་རྗེས་གཞི་ནས་བློ་བདེ་པོས་འགྲོ་གི་ཡོད། གྲོང་མདོར་གསར་འགོད་པ་མཐོང་སྐབས་ཁོང་གིས་གསང་བ་ཆེ་མདོག་གིས། ངའི་ཁྱིམ་དུ‘གཉེན་ཉེ་གལ་ཆེན་ཞིག་སླེབས་བྱུང’མཉམ་དུ་ལྟ་བར་འགྲོ་ཞེས་བཤད་བྱུང་།

    ལོ་49ལ་སླེབས་པའི་བོད་རིགས་ཕོ་གཞོན་དེ་ནི་ཤ་རིད་ལ་གྲུང་ཤ་དོད་པོ་ཞིག་འདུག སྒོ་འགྲམ་དུ་ཁོང་གིས་ལྡེ་མིག་བཏོན་ནས་སྒོ་ལྕགས་ཕྱེ་སོང་། རྟོགས་དཀའ་བའི་གཉེན་ཉེ་དེ་ཡང་སྙིང་སུ་རེད་དམ། ད་བྱེད་དུས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁོངས་སུ་གཏོགས་པའི་ཁྲུང་ཁྲུང་མཇིང་ནག་རྨས་མ་ཞིག་རེད་འདུག

    རྡོ་རྗེ་ནི་རྫོང་དེའི་ཁྲུང་ཁྲུང་མཇིང་ནག་གི་སྐོར་སྲུང་བ་རེད། ཉིན་བཅུ་ལྷག་ཙམ་གྱི་སྔོན་ལ། གྲོང་མིའི་ས་ནས་ཁྲུང་ཁྲུང་མཇིང་ནག་ཅིག་གི་གཤོག་པར་རྨས་སྐྱོན་ཚབས་ཆེན་ཕོག་པ་གོ་ཐོས་བྱུང་འཕྲལ་རྡོ་རྗེས་སྦག་སྦག་བཞོན་ཏེ་མྱུར་དུ་ཁྲུང་ཁྲུང་མཇིང་ནག་རྨས་མ་དེ་ཡོད་སར་བསྐྱོད་པ་དང་། དེ་ཁྱིམ་དུ་འཁྱེར་སྐབས་དབུགས་ཆད་ལ་ཁད་དུ་གྱུར་ཡོད། ཁོང་གིས་ཁྲུང་ཁྲུང་མཇིང་ནག་དེར་ནང་མི་ལྟར་ལྟ་སྐྱོང་བྱས་ཏེ་ཆིན་མེ་སུའུ་དང་རྩམ་པ་བསྲེས་ནས་སྟེར་བ་དང་དེ་རྗེས་གཉན་འཇོམས་སྨན་མར་དང་བསྲེས་ནས་གཤོག་པའི་རྨ་ཁར་བྱུགས།

    “དེ་བསྐྱབས་ཐུབ་པ་བསམ་ཡུལ་ལས་འདས་སོང་། རྨ་ཁ་རྦད་དེ་དྲག་རྗེས་གློད་ཀྱི་ཡིན”ཞེས་རྡོ་རྗེས་སྤོབས་པ་ཆེན་པོས་བཤད།

    ལྷུན་གྲུབ་རྫོང་གི་འབྲེལ་ཡོད་གྲངས་གཞི་ལས་མངོན་པར་གཞིགས་ན། ལོ་བཅུའི་གོང་། རྫོང་དེར་དགུན་སྒྲོལ་བྱེད་པར་ཡོང་མཁན་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་ཉིས་བརྒྱ་སུམ་བརྒྱ་ཙམ་ལས་མེད་པ་དང་། ཉེ་བའི་ལོ་གསུམ་རིང་ལོ་ལྟར་2000ཙམ་ཡོད་པ་དེ་ནི་ལྷུན་གྲུབ་ཀྱི་སྣོད་བཅུད་འགྱུར་ལྡོག་གི་བསྡུས་རིས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ས་གནས་དེས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། གྲོང་ཚོ་དང་དུད་ཚང་ཚང་མར་རྩི་ཤིང་ཡོད་པ་དང་། ས་ངོས་ཀྱི་ཆུའི་སྤུས་ཚད་Ⅲརིགས་ཀྱི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པ། ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཆེད་བསྐོས་ནགས་སྲུང་བ་947དང་རི་སྐྱེས་སྲོག་ཆགས་ཀྱི་ཆེད་བསྐོས་སྐོར་སྲུང་བ་9བསྐོས་པ་སོགས་ལས་དོན་མང་པོ་བསྒྲུབས་ཡོད། ལྷ་ས་དང་ཐག་ཉེ་བའི་རྫོང་གྲོང་དེའི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བའི་རྒྱུ་མཚན་གང་ཡིན་མིན་ཐད་ཉེ་ཆར་གསར་འགོད་པས་ལྷུན་གྲུབ་རྫོང་དུ་བསྐྱོད་དེ་བརྟག་ཞིབ་རྣམ་པའི་བཅར་འདྲི་བྱས་པ་ཡིན།

    སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་འགྱུར་ལྡོག་ཕྱིན་པ།

    ལོ་43ལ་སླེབས་པའི་བོད་རིགས་བུད་མེད་སྐོར་སྲུང་བ་སྐལ་བཟང་སྒྲོལ་མས་ཐག་མི་རིང་བའི་སར་མཛུབ་མོ་བཙུགས་ཏེ“སྔོན་ཆད་བྱ་རྣམས་མི་ལ་ཤིན་ཏུ་སྐྲག་ཅིང་གྲངས་འབོར་ཡང་མང་པོ་མེད། ད་ཆ་བྱ་རྣམས་མི་ལ་མི་སྐྲག་པར་ཞིང་ནང་གི་ནས་འབྲུ་ཟས་སུ་བསྟེན་ཆོག་པས་ཚང་མ་འདིར་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད”ཅེས་བཤད།

     ལྟ་སྲུང་བྱེད་པར་ངེས་པར་དུ་དངོས་དངོས་རྗེན་རྗེན་གྱི་མ་དངུལ་གཏོང་དགོས། 2003ལོར་རྒྱལ་ཁབ་ཀྱིས་བོད་ཀྱི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་དུ་ཁྲུང་ཁྲུང་མཇིང་ནག་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད། དེའི་རྗེས་ལྷུན་གྲུབ་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཆེད་མངགས་སྐོར་སྲུང་བ་བཏང་ནས་ཁྲུང་ཁྲུང་མཇིང་ནག་ལ་ལྟོ་སྟེར་བ་དང་མིག་སྔར་བསྡོམས་ཆེད་བསྐོས་མི་སྣ་9ཡོད་པ་དེ་དག་གིས་ལོ་ལྟར་ཟླ་11པ་ནས་ཕྱི་ལོའི་ཟླ་4པའི་བར་རྫོང་ཡོངས་ཀྱི་ཁྲུང་ཁྲུང་མཇིང་ནག་འཚོ་གནས་བྱ་ཡུལ་ཚང་མར་སྐོར་སྲུང་བྱེད་ཀྱི་ཡོད།

    མཚོ་སྟོད་ཤང་མཁར་གདོང་གྲོང་ཚོར་སླེབས་སྐབས། སྦག་སྦག་ཁ་བཀག་སྟེ་གཞོགས་གཅིག་ཏུ་བཞག་རྗེས། སྐོར་སྲུང་བ་བསྟན་འཛིན་གྱིས་ང་ཚོར་སྤྲོ་སེམས་འཁོལ་པོས་གླེང་མོལ་བྱེད་ཞོར“ཁྲུང་ཁྲུང་མཇིང་ནག་ལ་གྲོ་སྟེར་རྩིས་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ཁོང་གིས་ལོ་ལྟར་ནས་དང་གྲོ་རྒྱ་མ་1500ཙམ་ཁྲུང་ཁྲུང་མཇིང་ནག་ལ་སྟེར་ནས་དགུན་སྒྲོལ་ཐུབ་རྒྱུར་རོགས་རམ་བྱེད་ཀྱི་ཡོད། “ཐག་རིང་ཤོས་དེ་ཁྱིམ་དང་བར་ཐག་སྤྱི་ལེ་20ཡོད་པ་དང་། སྐོར་ཐེངས་གཅིག་རྒྱག་པར་ཉིན་གང་འགོར་གྱི་ཡོད”ཅེས་བསྟན་འཛིན་གྱིས་བཤད།

    “ཁྲུང་ཁྲུང་མཇིང་ནག་གི་ལྟོ་ཆས་ཁོ་ནར་རྫོང་གིས་ལོ་ལྟར་ཉུང་མཐར་ཡང་སྒོར་ཁྲི་3གཏོང་གི་ཡོད་པ་དང་། སྤྱིར་ན་ནས་དང་གྲོ་རྒྱ་མ་ཁྲི་1.5ཙམ་ཁྲུང་ཁྲུང་མཇིང་ནག་ལ་ལྟོ་སྣོན་དུ་སྟེར་ནས་བདེ་འཇགས་ངང་དགུན་སྒྲོལ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ལྷུན་གྲུབ་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཆེད་ལས་ལག་རྩལ་མི་སྣ་འགྱུར་མེད་དོན་གྲུབ་ཀྱིས་ངོ་སྤྲོད་བྱས།

    སྣོད་བཅུད་སྲུང་སྐྱོང་བྱེད་སྟངས་འགྱུར་ལྡོག་ཕྱིན་པ།

    ཉེ་བའི་ལོ་ཤས་རིང་། རྫོང་དེས《བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་སྤྱི་དམངས་ཀྱི་མི་ལུས་ལ་གནོད་འཚེ་བཏང་བའམ་ཡང་ན་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་ཁ་གསབ་བྱ་ཐབས》དོན་འཁྱོལ་བྱས་ཡོད། དེའི་ནང་2018ལོར་རྫོང་དེས་ལོ་ཧྲིལ་པོར་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཁ་གསབ་དངུལ་སྒོར་ཁྲི་175ལྷག་ཙམ་སྐྱིན་ཚབ་སྤྲད་པ་དང་། 2019ལོའི་ཟླ་དང་པོ་ནས་དགུ་པའི་བར་བསྡོམས་སྒོར་ཁྲི་131ལྷག་ཙམ་སྐྱིན་ཚབ་སྤྲད་ཡོད།

    དཔེ་འདི་འདྲ་ཞིག་ཡོད་པ་སྟེ། ལྕང་ར་ཤར་ཤང་དུ་བྱེ་རྡོ་བཟོ་གྲྭ་ཞིག་ཡོད་པ་དང་དེ་སྔོན་ས་གནས་དེ་གའི་མང་ཚོགས་ཀྱིས་ཁང་པ་རྒྱག་སྐབས་བྱེ་རྡོ་ལེན་ས་ཞིག་རེད། དེ་ནས་བྱེ་རྡོ་ཚད་མེད་བླངས་པས་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་ཕོག་ཡོད། འོན་ཀྱང་ལམ་སེང་འགྱུར་ལྡོག་གཏོང་རྒྱུ་དེ་ལས་སླ་པོ་ཞིག་ག་ལ་ཡིན།

    “དེ་སྔ་ས་གནས་དེས་དག་ཐེར་ཐེངས་ཁ་ཤས་བྱས་ཀྱང་གནད་དོན་ཐག་གཅོད་ཐུབ་མེད། ད་དུང་ནར་འགྱངས་བྱས་ན་འགྲིག་ཐབས་མེད་པས་འདི་ལོའི་ཟླ་7པར་རྫོང་གིས་སྡེ་ཚན་མང་པོ་སྒྲིག་འཛུགས་བྱས་ནས་བཅོས་སྒྲིག་བྱས་པ་མ་ཟད། སྔར་ཡོད་ཀྱི་རྣམ་པ་སླར་གསོ་གང་ཐུབ་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ལྷུན་གྲུབ་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐུབ་བསྟན་གྱིས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད་པ་དང་། ཁོང་གིས“དེ་ནི་ང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་ཆོད་སེམས་ཡིན”ཞེས་བཤད།

    2017ལོ་ནས་2019ལོའི་བར། རྫོང་དེས་ལོ་3བསྟུད་མར“ལྗང་ཕུབ”རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་དོན་ཁྲིམས་བསྟར་བྱ་སྤྱོད་སྤེལ་བ་དེ་དོན་ཚན་38དང་འབྲེལ་བ་ཡོད་པ་དང་། དེའི་ནང་རྣམ་གྲངས་10དག་ཐེར་བྱེད་མི་དགོས་པ་ཕུད་དེ་བྱིངས་ཀྱི་རྣམ་གྲངས་28ཚང་མ་དག་ཐེར་དོན་འཁྱོལ་བྱུང་ཡོད།

    གསར་འགོད་པས་ལྷུན་གྲུབ་རྫོང་གི་གྲོང་ཚོ་ཁ་ཤས་ལ་སྐབས་བསྟུན་བཅར་འདྲི་བྱེད་སྐབས། བོད་བཟོའི་ཁྱད་ཆོས་ལྡན་པའི་གྲོང་ཚོ་དེ་དག་ལ་ཧ་ཅང་གཙང་སྦྲ་དོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ལྡན་པ་མཐོང་བྱུང་། དེ་ནི་2016ལོ་ནས་བཟུང་གད་སྙིགས་གཙང་སེལ་བྱེད་སྟངས་ལ་འགྱུར་ལྡོག་བཏང་བས་རེད། རྫོང་དེས་རིམ་རྩིས་བྱས་ན་སྒོར་ཁྲི་2000ལྷག་ཙམ་བཏང་ནས་གད་སྙིགས་དབོར་འདྲེན་རླངས་འཁོར་ཉོས་པ་དང་། “གྲོང་ཚོས་བསྡུ་རུབ་དང་། ཤང་གིས་དབོར་འདྲེན། རྫོང་གིས་ཐག་གཅོད”བཅས་ཀྱི་དོ་དམ་བྱེད་སྟངས་སྤྱད་པས། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་45ཚང་མར་ཁྱབ་ཡོད།

    གསར་འགོད་པ་རྫོང་དེའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་དུ་སླེབས་སྐབས་ཅུས་ཀྲང་གཞོན་པ་ཐུབ་བསྟན་གྱིས་གད་སྙིགས་རིགས་དབྱེའི་བརྙན་ཤེལ་བསྟན་ཏེ“ང་ཚོས་གད་སྙིགས་རིགས་དབྱེའི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་ཆོག་གི་ཡོད”ཅེས་བཤད།

    “མིག་སྔར་ང་ཚོའི་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་གད་སྙིགས་རིགས་དབྱེ་ཡག་པོ་བྱུང་ཡོད”ཅེས་ཐུབ་བསྟན་གྱིས་ངོ་སྤྲོད་བྱས། ད་ལྟ་ལས་ཀ་འགོ་བཙུགས་ཙམ་ཡིན་པས། གྲོང་ཁྱེར་ཆེ་གྲས་དང་ཧེ་བག་ཆེན་པོ་ཡོད་ཀྱང་ཁོང་ཚོས་སློབ་གྲྭ་ནས་འགོ་བཙུགས་ཏེ་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་གཏོང་གི་ཡོད་པ་རེད།

    ལྗང་མདོག་ཁེ་འབབ་ལ་འགྱུར་ལྡོག་ཕྱིན་པ།

    གཞི་ཆེན་གྲངས་གཞིའི་ཐོག་ནས་བལྟས་ན། ལྗང་མདོག་ཞིང་ལས་ལས་ལྗང་མདོག་གི་ཁེ་འབབ་རག་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷུན་གྲུབ་རྫོང་གི་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་པ་སྟེ།

    —— ཞིང་ལས་ཐད། ནས་ཀྱི་མུའུ་རེའི་ཐོན་འབབ་རྒྱ་མ་8འཕར་ནས་རིམ་རྩིས་བྱས་ན་འབྲུ་རིགས་རྒྱ་མ་དུང་ཕྱུར་6.21བྱུང་བ་དང་།

    —— འབྲོག་ལས་ཐད། ཕྱུགས་རིགས་ལག་ཡོད་མགོ་གྲངས་ཁྲི་23.6ཟིན་པ་དང་། འབྲི་གཡག་ལོར་རྒྱགས་གསོ་བྱེད་ཚད་མགོ་གྲངས་1800བར་མཐོ་རུ་ཕྱིན་པ། འོ་མའི་ཐོན་འབབ་ཏུན་ཁྲི་1.5འཕར་བ། བྱ་སྒོང་གི་ཐོན་ཚད་ཏུན་115འཕར་བ།

    —— གཟན་རྩྭའི་ལས་རིགས་ཐད། ས་རྒོད་དང་། བསྐྱུར་ཞིང་། རིམ་ཞན་རྨོ་ཞིང་བཅས་བེད་སྤྱོད་གང་ལེགས་བྱས་པས་ས་ཞིང་སྤྱོད་ཚད་མཐོ་རུ་ཕྱིན་པ་དང་། “ཁ་ཐོར”ནས་གཅིག་བསྡུས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་ལྡོག་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་ལ“སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར། ཁྱིམ་ཚང་འབྲོག་ར། གསོ་ཚགས་དང་འདེབས་འཛུགས་དུད་ཆེན”བཅས་ཟུང་དུ་འབྲེལ་བའི་སྣ་མང་ཅན་གྱི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཤིག་རགས་ཙམ་ཆགས་ཡོད་པ་རེད། ཆུ་ཁ་བྱང་གྲོང་ཚོར་གནས་པའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ནི་ལྷུན་གྲུབ་རྫོང་གིས་ས་གནས་དེ་གའི་ལེགས་ཆ་དང་ཟུང་འབྲེལ་གྱིས་འཛུགས་སྐྲུན་བྱས་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། ན་ནིང་ཁོ་ནར་ཆུ་ཁ་བྱང་གྲོང་ཚོའི་གཟན་རྩྭ་འདེབས་ཁྱོན་མུའུ་4500ཟིན་པ་དང་། ལོར་ཡོང་འབབ་བསྡོམས་སྒོར་ཁྲི་616བྱུང་བ། ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་7ཡས་མས་རག་སྟེ། སྣོད་བཅུད་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་ཡོད།

    གྲངས་གཞི་འདི་འདྲ་ཞིག་ཡོད་པ་སྟེ། 2019ལོར། རྫོང་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་སྒོར་དུང་ཕྱུར་5.71ཟིན་ནས་5.94%འཕར་ཡོད། ཞིང་འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་3.35ཟིན་ནས་5.57%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14292ཟིན་ནས་12.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།