སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཤིང་འབྲས་རྟེན་གཞིར་རྒྱ་ཁྱོན་མུའུ་2200ལྷག་ཙམ་དང་ཤིང་འབྲས་སྣ་ཚོགས་སྡོང་རྐང་ཁྲི་2ལྷག་ཙམ་ཡོད་པ་དང་། དེ་ནི་མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་གཞི་ཁྱོན་ཆེ་ཤོས་དང་། མ་དངུལ་བཏང་མང་ཤོས། ཚན་རྩལ་འདུས་ཚད་མཐོ་ཤོས། ཁྱབ་འགྱེད་ནུས་པ་ཆེ་ཤོས་བཅས་ཀྱི་ཁྱད་ལྡན་དཔལ་འབྱོར་ནགས་རའི་ཕྱོགས་བསྡུས་རྟེན་གཞི་ཞིག་རེད།
2010ལོར། རྒྱུ་ནོར་སྒོར་ཁྲི་སྟོང་ཕྲག་ཡོད་པའི་བཀྲ་ཤིས་དབང་འདུས་ཀྱིས་སྒོར་ཁྲི་3000ཁྱེར་ཏེ་ཡུན་ནན་ཏ་ལི་ནས་ཕ་ཡུལ་དུ་ལོག་ཅིང་། དེ་གའི་རི་རྒོད་མུའུ་3000འགན་གཙང་བླངས་པ་རེད། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་བཀྲ་ཤིས་དབང་འདུས་ཀྱིས་སེམས་ནུས་ཡོད་རྒུས་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་རང་ཉིད་ཀྱི་བསམ་པའི“ལྗང་མདོག་ཁྱིམ་གཞིས”གཏོད་འགོ་ཚུགས་པ་རེད།
མིག་སྔར། མཉམ་ལས་ཁང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5500ལྷག་ཙམ་བཏང་བ་དང་། མི་ཐེངས་5400ལྷག་ཙམ་ལ་ལས་ཞུགས་མཁོ་འདོན་བྱས་པ་མ་ཟད། མང་ཚོགས་དབུལ་པོར་རོགས་རམ་བྱས་པར་འབབ་འཕར་སྒོར་ཁྲི་1200ལྷག་ཙམ་བྱུང་བ་རེད།
མཉམ་ལས་ཁང་གིས་ད་དུང་ཉེ་འཁོར་གྱི་མང་ཚོགས་ལ་སྟར་ཁ་དང་རྒུན་འབྲུམ་སོགས་འདེབས་འཛུགས་བྱེད་སྟངས་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད། མིག་སྔར་སྨར་ཁམས་རྫོང་ལྷོ་རྒྱུད་ཀྱི་ཤང་གསུམ་གྱི་སྟར་ཀ་འདེབས་ཁྱོན་མུའུ་ཁྲི་2དང་རྒུན་འབྲུམ་མུའུ་4000ལྷག་ཙམ་ཟིན་ཡོད་པ་རེད།
འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ཆེད། མཉམ་ལས་ཁང་གིས་ད་དུང་ཡུན་ནན་ཞིང་ཆེན་ཏ་ལིའི་དབྱང་པིས་དང་པིན་ཁྲོན་སོགས་སྡོང་ཕྲུག་ར་བའི་རྟེན་གཞི་དང་མཉམ་ལས་བྱས་པ་དང་། སྔོན་ཐོན་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པ། བོད་ཀྱི་སྐམ་ཤས་ཆེ་བའི་ལུང་ཤུར་ཁུལ་དུ་སྐྱེ་འཚར་ལ་འཚམ་པའི་སྟར་ཁ་སྣ་ཁ་8དང་། སེ་འབྲུ་སྣ་ཁ་3 ཚ་ལུ་མ་སྣ་ཁ་2སོགས་བཏབ་པ་རེད། མིག་སྔར་འདེབས་འཛུགས་བྱས་པའི་ཤིང་འབྲས་སྡོང་པོ་ཚང་མར་འབྲས་བུ་བཏགས་ནས་སྐྱེ་འཚར་ཡག་པོ་བྱུང་ཡོད་པ་རེད།
གླེང་རིན་ཡོད་པ་ཞིག་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་འགན་འཁྲི་ཧུར་ཐག་འཁུར་བ་དང་། རང་འགུལ་ངང་ས་གནས་དེ་གའི་མང་ཚོགས་ལ་སྨན་སྤྱོད་འཕྲོད་བསྟེན་ཁ་རས་1000ལྷག་ཙམ་སྤྲད་པ་དང་། བཀྲ་ཤིས་དབང་འདུས་མི་སྒེར་གྱིས་ཝུའུ་ཧན་གྱི་རིམས་འགོག་ལ་ཞལ་འདེབས་སྒོར་ཁྲི་10བརྒྱབ་པ་རེད།