ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་གྲོང་རྡལ་ཆུང་ངུར་གནས་པའི“བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང”གིས་2019ལོ་ནས་2020ལོའི་བགོ་འགྲེམས་ཚོགས་འདུ་འཚོགས་པ་དང་། དེ་ནི་རྣམ་གྲངས་གཉེར་སྐྱོང་བྱས་ཚུན་འཚོགས་པའི་བགོ་འགྲེམས་ཚོགས་འདུ་ཐེངས་4པ་རེད། ཐེངས་འདིའི་བགོ་འགྲེམས་རྒྱག་པའི་དངུལ་འབོར་སྒོར་ཁྲི་33.75ཟིན་པ་དང་། ཕན་པ་ཐོབ་མཁན་མང་ཚོགས་ཀྱི་གྲས་སུ་འབྲོག་མ་གྲོང་ཚོའི་ཡུལ་གཞན་ནས་གནས་སྤོས་བྱས་པའི་དུད་ཚང་100ཡི་གྲོང་མི་409ཚུད་པ་དང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3300ལྷག་ཙམ་ཟིན་པའི་ནང་བགོ་འགྲེམས་མང་ཤོས་ཀྱི་དུད་ཚང་ལ་སྒོར་11600ཙམ་རག་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། “བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང”ནི་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་འདུ་འགོད་ཀྱི་རྨང་གཞིའི་ཐོག་བཏོད་པའི་ཡུལ་སྐོར་རྩེར་སོན་གྱི་ཁྱིམ་ཚང་མགྲོན་ཁང་གི་གྲོང་ཚོའི་རྣམ་གྲངས་ཤིག་རེད། ལོ་རེའི་ཟླ་7པ་ནས་9པའི་བར་ནི“བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང”ལས་གཉེར་བྱེད་པའི་དུས་ཚིགས་གཙོ་བོ་ཡིན་པ་དང་། ལོ་ཟླའི་འགྲོས་དང་བསྟུན་ནས་རིམ་བཞིན་དྲ་ཐོག་དུ་སྐད་གྲགས་ཆོད་པའི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཞིག་ཏུ་གྱུར་པ་རེད། ཉེ་བའི་ལོ་ཤས་རིང་། “སྲིད་གཞུང་གིས་རྒྱབ་སྐྱོར”དང་། “ཁེ་ལས་ཀྱིས་རོགས་སྐྱོར” “གྲོང་མི་རང་རྟོགས་ངང་ཞུགས་པ”བཅས་ལྷན་དུ་འབྲེལ་བའི་བྱེད་ཐབས་བརྒྱུད། འབྲོག་མ་གྲོང་ཚོས་ཡུལ་སྐོར་ཐོན་ལས་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་སྒོ་ནས་འཕེལ་རྒྱས་བཏང་བས། མི་སེར་ཚོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་སྟེ་ཕྱུག་པོར་གྱུར་ཡོད།
2016ལོར། འབྲོག་མ་གྲོང་ཚོའི་གྲོང་མི་བཀྲ་ཤིས་སྒྲོལ་མ་རྒུ་རུམ་གྲོང་རྡལ་རྣམ་པར་གྲོང་ཚོ་ནས་འབྲོག་མ་གྲོང་ཚོར་སྤོས་པ་དང་། གནས་སྤོས་རྗེས་ཁོ་མོ“བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང”དུ་ལས་ཀ་བྱེད་པར་ཡོང་ལ། ཁོ་མོས“ལས་ཀ་བྱེད་ས་ནས་ཁྱིམ་གྱི་བར་དུ་སྐར་མ་བཅུ་ཡང་འགྲོ་མི་དགོས། གླ་ཕོགས་ཀྱང་སྔོན་ཆད་ལྷ་ས་གྲོང་ཁུལ་དུ་གླ་པ་རྒྱུགས་སྐབས་ལས་ལྡབ་གཅིག་འཕར་འདུག”ཅེས་བཤད་བྱུང་།
2017ལོ་ནས་བཟུང་། འབྲོག་མ་གྲོང་ཚོའི་དུད་ཚང་15ཡི་གྲོང་མི་དམངས་སྲོལ་སྒྱུར་བཀོད་རྣམ་གྲངས་ལ་ཞུགས་ནས་རང་ཁྱིམ་གྱི་བོད་བཟོའི་ཁང་པ་ཆུང་ཆུང་དེ་དག་སྐར་མ་རིམ་པའི་ཨར་ཁང་གི་ཚད་གཞི་ལྟར་སྒྱུར་བཀོད་བྱས་ཤིང་། ཐོག་སོ་དང་པོར་ནང་མི་དང་བཅས་པ་སྡོད་ལ། ཐོག་སོ་གཉིས་པ་མགྲོན་ཁང་ལ་བསྒྱུར་ཡོད། བཀྲ་ཤིས་སྒྲོལ་མའི་ཁྱིམ་ནི་སྒྱུར་བཀོད་ནང་ཞུགས་མཁན་གྱི་ཁྱིམ་ཚང་དང་པོའི་གྲས་ཡིན་ལ། ལོ་ལྟར་ལས་གཉེར་གྱི་དུས་ཚིགས་གཙོ་བོའི་སྐབས་སུ་ཁོ་མོའི་ཁྱིམ་གྱིས་ཉིན་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་ལ་སྣེ་ལེན་བྱས་ཏེ། ཉིན་རེའི་བོཌ་དངུལ་ཁྲོད་ནས་བགོ་འགྲེམས་རག་གི་ཡོད།
“བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང་གིས་2018ལོའི་ཟླ་5པར་དངོས་སུ་ཕྱི་ཕྱོགས་སུ་ལས་གཉེར་བྱས་ཤིང་། མིག་སྔའི་བར། ཁྱོན་བསྡོམས་གྲོང་ཚོ་དེ་གའི་ལས་མི་39ཡོད་པར་མི་རེར་ཟླ་རེར་གླ་ཕོགས་སྒོར་3000ནས་སྒོར་4500བར་འདྲ་ཡི་མེད། ལས་གཉེར་བྱས་ནས་ད་བར་དུ་བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང་གིས་འབྲོག་མ་གྲོས་ཚོར་གནས་སྤོས་བྱས་པའི་དུད་ཚང་100ལ་བགོ་འགྲེམས་སྒོར་ཁྲི་86.5སྤྲད་ཡོད”ཅེས་རྣམ་གྲངས་གཉེར་སྐྱོང་གི་འགན་ཁུར་བ་ཧོང་ཏན་གྱིས་བཤད།
“བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང”གིས་ཡུལ་གཞན་ནས་གནས་སྤོས་བྱས་པའི་དུད་ཚང་100ཡི་མང་ཚོགས་409ལ་དབུལ་སྒྲོལ་སྲ་བརྟན་དང་རྒྱུན་སྲིང་འཕེལ་རྒྱས་གཏོང་བར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། “གོམ་སྟབས་རྗེས་མར་ང་ཚོས་བྱིས་པའི་རོལ་རྩེད་ཁང་དང་། ལུས་གསོའི་རྣམ་གྲངས་ཆེ་གྲས་སོགས་བསྐྲུན་རྩིས་ཡོད། འབྱུང་འགྱུར་ང་ཚོ་འབྲོག་མ་གྲོང་ཚོའི་མང་ཚོགས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ཟིན་པའི་ཡིད་ཆེས་ཡོད”ཅེས་འབྲོག་མ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཉིའུ་ཧྲི་ཧུང་གིས་གསར་འགོད་པར་བརྗོད།