དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མི་མེད་ལུང་སྟོང་ཁུལ་ནས་སྤོས། ཐོན་ལས་རྣམ་གྲངས་ལེགས་པར་གཉེར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་པིན་ཁུན་དང་ཐང་ཐའོ།   |     སྤེལ་དུས།  2020-10-27

    འབྲས་ལྡན་དུས་སུ་གངས་ལྗོངས་ས་མཐོའི་གང་ས་ནས་གསེར་མདངས་རབ་ཏུ་རྒྱས་ཤིང་། ལྷ་སའི་གྲོང་ནུབ་ཏུ་གྲོང་ཁྱེར་བ་ཚོས་ནང་མི་དང་མཉམ་དུ་གླིང་ཁར་རོལ་བ་དང་། ཞབས་ཞུ་བ་མིག་སྒྲོན་གྱིས“ཞིང་ཁྱིམ་སྤྲོ་སྐྱིད་ཁང”དུ་ཕར་འགྲོ་ཚུར་འོང་བྱས་ནས་མགྲོན་པོར་ཇ་ཆང་འགྱོག་པར་བྲེལ། སྦྲ་གུར་ནང་ནས་དགའ་སྤྲོའི་གླུ་སྒྲ་བར་མཚམས་མེད་པར་གྲགས།

    མིག་སྒྲོན་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་རྒྱ་གླིང་སྐྱ་གདུང་གྲོང་ཚོའི་གྲོང་མི་ཡིན་མོད། ད་ཆ་ཁོང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོར་སྡོད་ཀྱི་ཡོད། དེ་ག་ནི་ཉི་མ་རྫོང་རོང་དམར་ཤང་གི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་བྱ་ཡུལ་རེད། དེ་ཡང་2018ལོའི་ཟླ་6པར་རོང་དམར་ཤང་གི་དུད་ཚང་262ཀྱི་གྲོང་མི་1102མཉམ་སྡེབ་ཐོག་སྤྱི་ལེ་800ཡི་སར་ཡོད་པའི་དགའ་གྲོང་གྲོང་ཚོར་སྤོས།

    དེ་གར་མ་སྤོས་གོང་ཡངས་པའི་བྱང་རྩྭ་ཐང་དུ་མིག་སྒྲོན་ནང་མི་ཚོར་ལུག་100ལྷག་ཙམ་དང་འབྲི་གཡག་20ཡོད། ཁོང་ཧ་ཉིད་གོ་བ་ནས་བཟུང་ནང་མི་ཚང་མ་ཡངས་པའི་རྩྭ་ཐང་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད།

    “རོང་དམར་ཤང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་4.68ཡོད་པ་དེ་ཧའེ་ནན་ཞིང་ཆེན་གྱི་སྐམ་སའི་རྒྱ་ཁྱོན་ལས་ཀྱང་ཆེ་བ་ཡོད་པ་དང་། དེའི་ཁྲོད་ཀྱི་ས་ཆ་ཕལ་ཆེ་བ་མི་མེད་ལུང་སྟོང་རེད། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་ནང་ས་དང་བསྡུར་ན་40%ལས་མེད་པ་མ་ཟད། དབྱར་ཁའང་གངས་འབབ་ཀྱི་ཡོད་པས་ཡུལ་མི་མི་ཉུང་བ་ཞིག་ལ་གྲུམ་བུའི་ནད་དང་། ཁྲག་ཤེད་མཐོ་བའི་ནད། སྙིང་ནད་སོགས་ཕོག་ཡོད”ཅེས་རོང་དམར་ཤང་གི་ཤང་ཀྲང་ཤའོ་ཧུང་ཆང་གིས་ངོ་སྤྲོད་བྱས།

    ས་བབ་མཐོ་བ་དང་། གནམ་གཤིས་ཡག་པོ་མེད་པ། སྡོད་མལ་ཁོར་ཡུག་ཞན་པ། ཡུན་རིང་ཕྱུགས་འཚོས་པ་ལས་རྩྭ་ཁ་ཉམས་ཚབས་ཆེ་བ་བཅས་ནི་རོང་དམར་ཤང་ཚུད་པའི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་མང་པོའི་གྲོང་མིར་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཀའ་གནད་བསལ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་ཆེད། བོད་ཀྱིས་ལོ་8སྤྱད་དེ་གཞིས་རྩེ་དང་། ནག་ཆུ། མངའ་རིས་བཅས་ས་ཁུལ་དང་གྲོང་ཁྱེར་3གྱི་རྫོང་20དང་ཤང་དང་གྲོང་རྡལ་97གྱི་མང་ཚོགས་ཁྲི་13ལྷག་ཙམ་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་བྱ་རྩིས་ཡོད་པའི་ཁྲོད། རོང་དམར་ཤང་གནས་སྤོ་བྱེད་མཁན་དང་པོར་གྱུར་ཡོད།

    མུ་མཐའ་མེད་པའི་རྩྭ་ཐང་ནས་ས་བཟུང་རྒྱ་ཁྱོན་མུའུ་1000ལྷག་ཙམ་ཡོད་པའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས། གནས་སྤོས་དུད་ཚང་ཚང་མར་མི་རེར་ཆ་སྙོམས་སྨི་ངོས་གྲུ་25ཚད་གཞི་ལྟར་སྡོད་ཁང་གསར་པ་རེ་སྤྲད་པར་ཆུ་དང་གློག་ཁྲིད་ཟིན་ལ་དྲ་རྒྱ་ཡང་ཁྲིད་ཟིན་པ་མ་ཟད། བཀོད་སྒྲིག་བྱ་ཡུལ་དུ་ད་དུང་སྨན་དོན་ཁང་དང་བྱེད་སྒོ་ལྟེ་གནས་སོགས་གང་དགོས་ཚང་མ་འཛོམས་པས། གྲོང་མི་ཚོ་སྡོད་གནས་ལ་སེམས་ཁྲལ་ཡེ་ནས་བྱེད་དགོས་མེད།

    འོན་ཀྱང་ཚང་མས་སེམས་ཁྲལ་བྱེད་དགོས་པ་ཞིག་ནི་སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་འཚོ་བ་དང་ཁ་བྲལ་བས་ཕྱིས་འབྱུང་འཚོ་བ་ཇི་ལྟར་སྐྱེལ་དགོས་པ་དེ་རེད། དེའི་ཐད་ནག་ཆུ་གྲོང་ཁྱེར་སྲིད་གཞུང་གིས་ཐོན་ལས་ཀྱི་མ་དངུལ་སྒོར་ཁྲི་5000ལྷག་ཙམ་གྲབས་གསོག་བྱས་ཏེ། རོང་དམར་ཤང་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་གནས་ཁུལ་གྱི་ཕྱི་རོལ་དུ་འབྲི་གཡག་གསོ་ཚགས་ར་བ་དང་ལུག་རྒྱགས་གསོ་ར་བ་བཙུགས་ནས་གྲོང་མི་སྒྲིག་འཛུགས་ཀྱིས“ཞིང་ཁྱིམ་སྤྲོ་སྐྱིད་ཁང”འཕེལ་རྒྱས་བཏང་ཡོད། བཀོད་སྒྲིག་བྱ་ཡུལ་དང་བར་ཐག་སྤྱི་ལེ་གཉིས་གསུམ་ཡོད་ས་ནི་ལྷ་ས་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི“ཞང་ཞུང་མེ་ཏོག”མཛེས་ལྗོངས་ཁུལ་ཆེ་གྲས་རེད། ནག་ཆུ་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་གཞུང་ལས་ཁང་གི་རང་འགུལ་སྦྲེལ་མཐུད་འོག རོང་དམར་ཤང་གིས་གྲོང་མི་80སྒྲིག་འཛུགས་བྱས་ཏེ་མཛེས་ལྗོངས་ཁུལ་དུ་བསྐྱོད་ནས་མི་རིགས་ཀྱི་གླུ་གར་དང་རྩྭ་ཐང་གི་རྟ་རྩལ་ངོམ་སྟོན་བྱས།

    “ང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ལས་ཞུགས་བཀོད་སྒྲིག་བྱ་རྒྱུ་དེ་གནས་སྤོའི་རྗེས་མཐུད་ལས་དོན་གྱི་ཨང་དང་པོར་འཇོག་རྒྱུ་ཡིན”ཞེས་ལས་གཉེར་བྱས་ནས་ཡུན་རིང་མ་སོང་བའི“ཞིང་ཁྱིམ་སྤྲོ་སྐྱིད་ཁང”ཉམས་ལེན་སྦྲ་གུར་ནང་ཤའོ་ཧུང་ཆང་གིས་བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་བཀོད་སྒྲིག་སྐོར་རེ་རེ་བཞིན་ངོ་སྤྱོད་བྱས།

    “རོང་དམར་ཤང་གི་ཡུལ་མི་རྣམས་སྤོས་རྗེས་ང་ཚོས་ཤང་གི་མང་ཚོགས་མ་རྐང་ནང་ཞུགས་པའི་མཉམ་སྡེབ་ཁེ་ལས་ཤིག་བཙུགས་ཏེ། ལྷག་བསྡད་པའི་ནོར་ལུག་འཚོ་སྐྱོང་གི་འགན་འཁུར་གྱི་ཡོད་པ་མ་ཟད། ད་དུང་ལུག་རྒྱགས་གསོ་ར་བ་ཞིག་གསར་དུ་བསྐྲུན་ཏེ། ལུག་ལྷ་སར་འཚོང་བར་མ་བསྐྱོད་གོང་དེ་གར་ཟླ་3རྒྱགས་གསོ་བྱེད་ཀྱི་ཡོད། བྱང་རྩྭ་ཐང་གི་ལུག་ཤ་སོས་པར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ཤའོ་ཧུང་ཆང་གིས་བཤད།

    མི་རིང་བའི་གོང་། བཀོད་སྒྲིག་བྱ་ཡུལ་གྱིས་དབུལ་སྐྱོར་རླངས་འཁོར་འཇོག་གནས་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པ་དེ་དགུན་ཁ་མ་ཤར་གོང་ལས་མཇུག་འགྲིལ་རྒྱུ་རེད། ཕྱིན་ཆད་མཚོ་བོད་གཞུང་ལམ་རྒྱུད་དུ་གནས་པའི་རླངས་འཁོར་འཇོག་གནས་དང་། ཞག་སྡོད། བཟའ་བཏུང་། ལུས་འཁྲུ་སོགས་གཞི་གཅིག་ཏུ་འདུས་པའི་གནས་དེ་ནི་ཟོག་འདྲེན་རླངས་འཁོར་ལྷ་སར་མ་བསྐྱོད་གོང་གི་ངལ་གསོ་བའི་གནས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། དེའི་གོང་དུ་བཀོད་སྒྲིག་བྱ་ཡུལ་གྱི་ཁྲོམ་གཞུང་རྒྱུད་དུ་བསྐྲུན་པའི་དབུལ་སྐྱོར་ཚོང་ཁང་བཅུ་གྲངས་ཁ་ཤས་ཀྱང་རླངས་འཁོར་འཇོག་གནས་གཉེར་སྐྱོང་བྱས་པ་དང་བསྟུན་ནས་ཚོང་ཇེ་ཡག་ཏུ་འགྲོ་བཟོ་ཡོད།

    ཤའོ་ཧུང་ཆང་གིས་ངོ་སྤྲོད་བྱས་དོན། འདི་གར་སྤོས་པ་ནས་བཟུང་རོང་དམར་ཤང་དུ་ངལ་རྩོལ་ནུས་ཤུགས་654ཡོད་པའི་ཁྲོད་ནས་མི་403ལས་ཞུགས་གཞན་སྒྱུར་བྱས་ཡོད། “ཕྱིས་འབྱུང་ཕན་ཚུན་འདེགས་སྐྱོར་བྱེད་པ་དང་འཁོར་འབྲེལ་ཆགས་པའི་ཐོན་ལས་རྣམ་གྲངས་དེ་དག་གཉེར་སྐྱོང་འཐུས་སྒོ་ཚང་པོ་བྱུང་བ་དང་བསྟུན་ནས་རོང་དམར་ཤང་གི་ངལ་རྩོལ་ནུས་ཤུགས་ཚང་མའང་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་བཟོ་ཡོད”

    དབུལ་ཚང་ནས་སྤོ་བ་དང་དབུལ་ལས་བརྗེ་བ་གཉིས་མཉམ་དུ་སྤེལ་བ་དང་བདེ་སྡོད་དང་ལས་བརྩོན་གཉིས་གལ་ཆེ་མཉམ་དུ་འཛིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ཁྲོད་མང་ཚོགས་དབུལ་པོ་གནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་ཐབས་བྱས་པས་རིམ་བཞིན་ཕྱུག་པོར་འགྱུར་ཡོད། ས་ཁུལ་ཁག་གིས་ཐོན་ལས་འཕེལ་རྒྱས་དང་། ལག་རྩལ་གསོ་སྦྱོང་། ལས་ཞུགས་གཞན་སྒྱུར་སྒྲིག་འཛུགས་སོགས་ཀྱི་བྱེད་ཐབས་བརྒྱུད། མིག་སྔར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་འབོར་དབུལ་པོ་ཁྲི་12.3ལས་ཞུགས་ཐུབ་པ་དེས་ངལ་རྩོལ་བྱེད་ནུས་ལྡན་པའི་མི་གྲངས་ཀྱི་87%ཟིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།