“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་པ་དེ་བོད་ཀྱི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་གང་ལྡན་ཡོད་དམ། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ལ་གྲུབ་འབྲས་གང་ཞིག་ཐོབ་ཡོད་དམ། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུ་ཡིན་ནམ། ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པས་འབྲེལ་ཡོད་གནད་དོན་སྐོར་ལ་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཞུའེ་ལ་ཆེད་དོན་བཅར་འདྲི་བྱས་པ་ཡིན།
ལི་ཞུའེ་ཡིས་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཡིན། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བཤད་པ་རེད།
གསར་འགོད་པས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དེ་བོད་ལ་ཆ་མཚོན་ན་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་དེ་འདྲ་ལྡན་ཡོད་པ་འདྲ། ཉེ་བའི་ལོ་ཤས་རིང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་གང་དང་གང་ཐོབ་ཡོད་ཅེས་འདྲི་སྐབས། ལི་ཞུའེ་ཡིས་རང་ལྗོངས་ཀྱིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་བྱས་ཏེ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་སྣོད་བཅུད་བར་ཁམས་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་པས་སྣོད་བཅུད་མ་ལག་གི་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་ཡོད། མིག་སྔར་རང་ལྗོངས་སུ་ནགས་ཚལ་ཁྱབ་ཚད་12.14%ཟིན་ནས་ལྗོངས་ཡོངས་ཀྱི“སྐྱེ་ཤིང་མེད་པའི་གྲོང་ཚོ”1079དང“སྐྱེ་ཤིང་མེད་པའི་དུད་ཚང”ཁྲི་10.4ཚང་མར་སྐྱེ་ཤིང་ཡོད་པར་བྱས་ཡོད། ལྗོངས་ཡོངས་ཀྱི་45%ཙམ་བཟུང་བའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ཁྱབ་ཁོངས་ནང་བཅུག་སྟེ། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཡོད། ཇོ་མོ་གླང་མ་དང་། བྱང་ཐང་། སྨར་ཁམས་དང་ཡུན་ནན་གྱི་སྤྲེའུ་སྤུ་སེར། སེར་གླིང་མཚོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་4རུ་ལེགས་སྒྲིག་བྱས་ཡོད། བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྣོད་བཅུད་ཁོར་ཡུག་སྤུས་ཚད་མཐོ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་སྣོད་བཅུད་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད། 2019ལོར། PM10དང་PM2.5ལོ་རེའི་ཆ་སྙོམས་གར་ཚད་2015ལོ་དང་བསྡུར་ན་40%དང་50%སོ་སོར་ཆག་པ་དང་ཐལ་རླུང་འཚུབ་ཚད་ཇེ་ཉུང་དུ་ཕྱིན་ཡོད། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་138ཁྱོན་ཡོངས་ནས་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་96.76%ཟིན་པ་དང་གྲོང་བཙུགས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་94.94%ཟིན་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་མཁའ་རླུང་གི་སྤུས་ཚད་ལེགས་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་དང་གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུ་སྤུས་IIIརིགས་ཀྱི་ཆུ་ཁོངས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བྱུང་ནས་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་ཅེས་བརྗོད་པ་རེད།
མིག་སྔའི་བར། རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་གྲོང་ཚོ་3087ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་བཟང་བའི་གྲོང་ཚོ་དང་། ཤང་དང་གྲོང་རྡལ་269ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་བཟང་བའི་ཤང་དང་གྲོང་རྡལ། རྫོང་22ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་བཟང་བའི་རྫོང་བཅས་ཀྱི་མིང་བཏགས་པ་དང་། ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། བྲག་ཡིབ་ཆུས། གྲོ་མོ་རྫོང་། འདམ་གཞུང་རྫོང་བཅས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་ལ་བདམས་པ། ལྷུན་རྩེ་རྫོང་གིས“དྭངས་ཤིང་གཙང་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་སྐོར་ལ། ལི་ཞུའེ་ཡིས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། སྣོད་བཅུད་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱེད་པ། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བཅས་བྱས་ནས། འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་མཚོན་གཏོད་རྒྱུ་དང་། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།