དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་མཛེས་ཤིང་ལྟ་ན་སྡུག མི་སེར་འབྱོར་ཕྱུག་འཚོ་བ་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-09

    སྟོན་འགོ་ཚུགས་པ་དང་བསྟུན་ནས། ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོའི་ཚོགས་ཆུང་དྲུག་པའི་ས་ཞིང་མུའུ་20ཙམ་ལ་ཉི་མ་མེ་ཏོག་བཞད་ནས་གསེར་མདོག་ཅན་གྱི་རྒྱ་མཚོ་ཞིག་དང་མཚུངས། འདི་ལོའི་ལོ་སྟོད་དུ་སྦྱར་གཞི་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས“ཏང་སྤྱི་ཁྱབ་ཀྲི་པུའུ+ཞིང་དུད”ཀྱི་རྣམ་པ་དང“ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་། ཁེ་ལས་ཅན་གྱི་དོ་དམ། སྤུས་རྟགས་ཅན་འཁོར་རྒྱུག”བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འདུ་ཤེས་དང་། གཅིག་སྡུད་ཡུག་སྦྲེལ། ཁོད་སྙོམས་ཤིང་རྒྱ་ཆེ་བའི་ས་ཆའི་ཐོན་ཁུངས་བཅས་ལ་བརྟེན་ནས་ཉི་མ་མེ་ཏོག་འདེབས་འཛུགས་ཀྱི་ལག་རྩལ་གསར་པ་དང་དཔེ་དབྱིབས་གསར་པ་ཁྱབ་གདལ་བཏང་སྟེ་གྲོང་མིར་འབབ་འཕར་གྱི་སྣེ་ཁྲིད་བྱས་པ་དང་ཆབས་ཅིག ས་གནས་དེ་གར་མཛེས་ལྗོངས་གསར་པ་བཏོད་ནས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་རེད།

    གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ནི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རམ་འདེགས་བྱ་ཆེད། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོས་སྣོད་བཅུད་ཁོར་ཡུག་སླར་གསོ་ཧུར་ཐག་བྱས་ཏེ། དྲོད་ཁང་ཆེན་མོའི་འཐུ་བསྡུ་དང་ཉི་མ་མེ་ཏོག་པར་རྒྱག་རྟེན་གཞི་སོགས་ཡུལ་སྐོར་རྣམ་གྲངས་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་གྲོང་གསེབ་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་གཏོད་བཞིན་མཆིས།

    སྦྱར་གཞི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་བདེ་སྐྱིད་ཀྱིས་གསར་འགོད་པར་སྦྱར་གཞི་གྲོང་ཚོའི་ཨུ་ལྷན་གྱིས་ཡུལ་སྐོར་ལ་བརྟེན་ནས་གྲོང་མི་འབབ་འཕར་ཕྱུག་འགྱུར་ཇི་ལྟར་ཡོང་བར་རྟག་ཏུ་བསམ་བློ་གཏོང་བཞིན་ཡོད་ཅེས་བརྗོད་པ་དང་། “ང་ཚོས་པེ་ཅིང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་50བརྩོན་ལེན་བྱས་ཏེ་གྲོང་ཚོའི་ཁོར་ཡུག་ལ་གཞིགས་ནས་རི་ལྡེབས་སུ་སྐས་ཞིང་མུའུ་300ཙམ་གྲོང་གསེབ་ཡུལ་སྐོར་ཐོན་ལས་ལ་སྤྱད་པ་ཡིན”ཞེས་བསོད་ནམས་བདེ་སྐྱིད་ཀྱིས་བརྗོད།

    བསོད་ནམས་བདེ་སྐྱིད་ཀྱིས་སྦྱར་གཞི་གྲོང་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་མཐོང་ཆེན་དམིགས་བསལ་བྱས་ཏེ་ཞིང་ཁར་མེ་ཏོག་བཏབ་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་མ་ཟད། ཡུལ་སྐོར་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་བྱས་པས། གཅིག་གོ་ཉིས་ཆོད་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། “གྲོང་ཚོ་ཨུ་ལྷན་གྱིས་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐོག་མའི་དམིགས་ཡུལ་ནི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་རེད། གྲོང་གསེབ་ཡུལ་སྐོར་ཡག་པོ་གཉེར་ཚེ་གྲོང་མི་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་མ་ཟད་ཚང་མས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་ཡང་གསོག་ཐུབ་ཀྱི་འདུག”ཅེས་བསོད་ནམས་བདེ་སྐྱིད་ཀྱིས་བརྗོད།

    འདི་ལོའི་ལོ་སྟོད་དུ་སྦྱར་གཞི་གྲོང་ཚོའི་ཨུ་ལྷན་གྱིས་ཁྲེང་ཀོན་ཆུས་འགན་ནུས་སྡེ་ཚན་ཁག་གི་སྣེ་ཁྲིད་འོག“གར་རིའི”སྒྲིག་འགལ་གྱི་སྤྲོ་ཁང་བཤིག་པ་མ་ཟད། དེ་བཤིག་རྗེས་ས་ཆ་མུའུ་12.8ཐོག་གི་གད་སྙིགས་དབོར་འདྲེན་དང་ས་ངོས་སྙོམས་ཆེད་གྲོང་ཚོ་ཨུ་ལྷན་གྱིས་སྒོར་ཁྲི་70ལྷག་ཙམ་བཏང་བ་དང་། གྲོང་མི300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དུས་ཡུན་ཟླ་2ཙམ་སྤྱད་དེ་ཤིང་འཛུགས་ནགས་གསོའི་བྱེད་སྒོ་སྤེལ་ནས་ལྕང་མ་དང་། སྟར་ཤིང་། དེ་བཞིན་ཞོག་ཁོག་དང་སྲན་མ་སོགས་འདེབས་འཛུགས་བྱས་པ་ལས་སྟར་ཤིང་སྡོང་རྐང་300ལྷག་ཙམ་ཡོད་པས་གྲོང་མིས་ས་ཆ་དེར“སྟར་གའི་གླིང”ཞེས་འབོད་ཀྱི་ཡོད། མིག་སྔར། “སྟར་གའི་གླིང”གི་ཤིང་རིགས་གསོན་ཚད་100%ཟིན་པ་དང་། ཁྲ་ཆི་ལེར་བཞད་པའི་མེ་ཏོག་མང་པོའི་ཁྲོད་སྟར་ཤིང་300ཀྲང་ངེར་གནས་པ་དང་། ལྕང་མ་དང་། ཞོག་ཁོག སྲན་མ། ཞིང་ནང་སྐྱེ་དངོས་བཅས་འདྲ་མིན་ལས་གླིང་ཁར་གསོན་ཉམས་རབ་ཏུ་རྒྱས་པའི་རྣམ་པ་མངོན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། སྦྱར་གཞི་གྲོང་ཚོས་སྣོད་བཅུད་ཁོར་ཡུག་གི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་སྣོད་བཅུད་ཀྱི་རྨང་གཞི་བརྟན་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྒྲིག་འགལ་འཛུགས་སྐྲུན་བཤིག་པ་དང་སྣོད་བཅུད་སླར་གསོ་དུས་མཉམ་དུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། སྒྲིག་འགལ་འཛུགས་སྐྲུན་བཤིག་ནས་ལྗང་མདོག་ཏུ་བསྒྱུར་བ། བཙོག་སེལ་ལྗང་འདེབས། ཁོད་སྙོམས་ལྗང་མདོག་སླར་གསོ། མཛེས་ལྗོངས་བསྐྲུན་པ་དང་ལྗང་མདོག་སྣོན་པ་བཅས་བྱས་པས་རིམ་རྩིས་བྱས་ན་རྨོ་ཞིང་དང་ལྗང་མདོག་སླར་གསོ་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་ནས་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་ལས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་ཆགས་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    བྱེད་ཐབས་རབ་དང་རིམ་པ་བརྒྱུད་སྦྱར་གཞི་གྲོང་ཚོ་དེ་སྔོན་གྱི་བཙོག་ཟིང་ཞན་གསུམ་གྱི་གྲོང་ཚོའི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཡོད། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་བྱང་ཐུན་མོང་ཐོག་ཡོངས་བསྒྲགས་བྱས་པ་དང་། འདེམས་ཐོན་བྱུང་བའི་ཤང་དང་གྲོང་ཚོ་680ཡི་ནང་སྦྱར་གཞི་གྲོང་ཚོའང་ཡོད་པས་བོད་རང་སྐྱོང་ལྗོངས་ཀྱི་མིང་གྲལ་དུ་ཚུད་པའི་ཤང་དང་གྲོང་ཚོ་21གི་གྲས་ཡིན་པ་དང་། ཁག་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།