དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་བྱ་ཡུལ་གྱི་བདེ་སྐྱིད་ལོ་ཟླ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥེ།   |     སྤེལ་དུས།  2020-09-26

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་མུའུ་སྟོང་གི་སྡོང་ཐུང་ཀུ་ཤུའི་འདེབས་འཛུགས་ལྡུམ་རའི་ནང་། གནས་སྤོས་མང་ཚོགས་སྐར་མས་དམར་ཆིལ་ཆིལ་གྱི་ཀུ་ཤུ་འཐུ་བཞིན་དུ་ཁོང་གི་ངོ་གདོང་ནས་ལོ་ལེགས་བྱུང་བའི་སྤྲོ་སྣང་གང་ལེགས་མངོན།

    སྲིན་བུ་རི་ནི་བོད་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་གྲོང་མིའི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་གྱི་གྲས་ཤིག་རེད། 2018ལོའི་ཟླ་6པར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། བོད་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད། 2019ལོའི་ལོ་མཇུག་ཏུ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་སེའུ་ཤང་དང་མཚོ་གཉིས་རྫོང་གི་དཀར་མཚོ་ཤང་དང་། ཡག་ཆུ་ཤང་། མཚོ་སྦྲེལ་བྱང་མ་ཤང་སོགས་ཀྱི་དུད་ཚང་957གྱི་མང་ཚོགས་4058གནས་དེར་སྤོས་པ་རེད།

    ས་བབ་མཐོ་ཚད་སྨི་5000ཡོད་པའི་བྱང་རྩྭ་ཐང་ནས་ས་བབ་མཐོ་ཚད་སྨི་3600ཙམ་ལས་མེད་པའི་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་སྤོས་རྗེས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད།

    ཤིང་འབྲས་ལྡུམ་རར་ཀུ་ཤུ་འཐུ་བཞིན་པའི་སྐར་མ་ནི་དེ་སྔའི་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ཚེར་མ་རོང་གྲོང་ཚོའི་གྲོང་མི་རེད། ཁོང་གིས“སྔོན་ཆད་མཚོ་གཉིས་སུ་ཉིན་ལྟར་ལུག་འཚོ་ཡི་ཡོད་པས་དཀའ་ལས་ཆེ་ལ་གྲང་ངར་ཆེ་བ་མ་ཟད། དབྱར་ཁའི་ཆར་དུས་སུ་ལུག་རྣམས་ཆུ་ཡིས་འཁྱེར་དགོས་པའི་སེམས་ཁྲལ་བྱེད་དགོས། ད་ལྟ་ཉིན་ལྟར་ལས་ཀར་འགྲོ་རྒྱུ་ཡོད་པས་ཉིན་གཅིག་ལ་སྒོར་160ལེན་རྒྱུ་ཡོད་ལ་སླད་ཕྱིན་ད་དུང་ཁེ་སྤོགས་བགོ་བཤའ་ཡང་ལེན་རྒྱུ་ཡོད”ཅེས་བཤད།

    སྐར་མས་ཐོགས་མ་ཐག་པའི་ཀུ་ཤུ་སླེ་པོའི་ནང་དུ་བླུགས་བཞིན་གད་མོ་དགོད་བཞིན“ང་ཟླ་3པ་ནས་བཟུང་ཤིང་འབྲས་ར་བར་ལས་ཀ་བྱས་པ་ཡིན། ད་ཆ་ཀུ་ཤུར་ཐོན་འབབ་བྱུང་བས་ཧ་ཅང་དགའ་པོ་འདུག”ཅེས་བཤད།

    སྲིན་བུ་རིའི་ནག་ཆུའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཐའོ་ཡུས་རུང་གིས། ཀུ་ཤུ་སྡོང་པོ་ཆུང་ངུའི་འདེབས་འཛུགས་ལྡུམ་ར་ནི་ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་དབུལ་སྐྱོར་རྣམ་གྲངས་ཤིག་རེད། མིག་སྔར་གོང་དཀར་རྫོང་ཁང་ཆི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་དོ་དམ་གཉེར་སྐྱོང་བྱ་རྒྱུར་མངགས་པ་དང་ཤིང་འབྲས་ལྡུམ་རའི་ཡོང་འབབ་ཀྱི་65%གནས་སྤོའི་མང་ཚོགས་ལ་བགོ་བཤའ་རྒྱག་གི་ཡོད་ཅེས་བཤད།

    ཤིང་འབྲས་ལྡུམ་རའི་ནང་ལས་གོས་གྱོན་པའི་ལག་རྩལ་མི་སྣས་གནས་སྤོས་མང་ཚོགས་ལ་མཛུབ་ཁྲིད་བྱེད་བཞིན་ཡོད། ཁང་ཆི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་རྩལ་གཙོ་གཉེར་བ་ཝང་ཧུའེ་ཤོན་གྱིས“ང་ཚོས་ད་དུང་ཤིང་འབྲས་ལྡུམ་རར་ལས་ཀ་བྱེད་མཁན་མང་ཚོགས་ལ་གསོ་སྦྱོང་བྱས་ནས་ཁོང་ཚོས་ཡལ་གཅོད་སོགས་ཀྱི་ལྡུམ་རའི་ལག་རྩལ་དང་རྩལ་ནུས་སློབ་སྦྱོང་དང་ཁོང་དུ་ཆུད་རྒྱུར་རོགས་རམ་བྱེད་ཀྱི་ཡོད”ཅེས་བཤད།

    གཞན་ཡང་འབྲི་གཡག་རྒྱགས་གསོ་དང་ཀོ་ཆས་ལས་སྣོན་བཟོ་གྲྭ་སོགས་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། མི་རིང་བར་སྲིན་བུ་རིའི་བདེ་སྐྱིད་ལོ་ཟླ་དེ་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་འཆར་འགོད(2018ལོ་ནས་2025ལོ་བར)བཟོས་པ་དེ་ས་བབ་མཐོ་ཚད་སྨི་4800ཡན་གྱི་ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་ས་ཁུལ་དང་གྲོང་ཁྱེར་3གྱི་རྫོང་20ཡི་ཤང་དང་གྲོང་རྡལ་97གྱི་གྲོང་ཚོ་450དང་འབྲེལ་བ་ཡོད་པ་དེར་ཁྱོན་བསྡོམས་མི་གྲངས་ཁྲི་13ལྷག་ཙམ་ཡོད། དེའི་ནང་མི་ཁྲི་10ལྷག་ཙམ་ཡར་ཀླུང་གཙང་པོའི་ངོགས་སུ་བཀོད་སྒྲིག་བྱས་ནས་བྱེད་ནུས་ཆ་ཚང་བ་དང་གཞི་ཁྱོན་ངེས་ཅན་ལྡན་པའི་དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཞིག་ཆགས་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།