ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་80.61ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2.7བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བསྟུད་མར་བཏོན་པ་དང་། ཆད་དངུལ་ཁ་གསབ་དང་། འཕར་སྣོན་བརྟན་པོ། མྱུར་ཚད་མགྱོགས་སུ་གཏོང་བ། དམིགས་ཚད་འགན་ལེན་བཅས་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོའི་ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ“མི་ཡུལ་གྱི་གནམ་གཤིས་མཛེས་ཤོས་ཟླ་བཞི་པ། ཟླ་ལྔ་པའི་ལེགས་པོའི་སྟག་མ་མེ་ཏོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“2020ལོར་ལྷོ་ཁར་ཡུལ་སྐོར་བྱེད”ཅེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་ཤིང་། 《ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཅུ》བཏོན་ནས་རང་འགུལ་ངང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་རིང་དུ་གཏོང་བ་དང་ཡུལ་སྐོར་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་སོགས་ཀྱི་ལམ་ལུགས་བཙུགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འཛད་སྤྱོད་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད། དུས་མཚུངས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ལ“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་125.8སྔ་སྣུར་དུ་སྤྲད་དེ་རང་འགུལ་ངང་ཡུལ་སྐོར་ལས་དོན་ཁང་གི་འཐུས་མི་དང་ཡུལ་སྐོར་གྱི་གཟིགས་སྐྱོང་མཉམ་ལས་གྲོས་མཐུན་བཞག་ནས་ཡུལ་སྐོར་ཁེ་ལས་དཀའ་ངལ་ལས་སྒྲོལ་རོགས་བྱས་པ་རེད།