དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་འགྱུར་དང་འབབ་འཕར་གཉིས་ཀ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-02

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། བྲག་གཡབ་རྫོང་གིས་ཞིང་སྐྱོར་འབབ་འཕར་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང“སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན”དམིགས་ཚད་དུ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་1.13བཏང་ནས་མུའུ་ཁྲི་ཡི་དཔལ་འབྱོར་ནགས་ཚལ་བསྐྲུན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དཔལ་འབྱོར་ནགས་ཚལ་དེས་ཉེ་འགྲམ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་158ཀྱི་མི་གྲངས་1006ངལ་རྩོལ་ནང་ཞུགས་ཐུབ་པ་བྱས་ནས་ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་4500ཙམ་བྱུང་ཡོད།

    སྣོད་བཅུད་ལེགས་སུ་ཕྱིན་པ།

    2015ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་པ་དང་། བྲག་གཡབ་རྫོང་ལ་རྫོང་ཡོངས་ཀྱི་དབུལ་ཞྭ་ཕུད་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་ལས་འགན་གཉིས་འཕྲད་ཡོད། འཕེལ་རྒྱས་ཇི་ལྟར་བཏང་ནས་ལས་འགན་གཉིས་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཐུབ་བམ། འདི་ནི་བྲག་གཡབ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་བསམ་བློ་གཏོང་བའི་གནད་དོན་ཞིག་ཡིན།

    བྲག་གཡབ་རྫོང་ལ་ལེགས་ཆ་ལྡན་ཡོད། ཇི་ལྟར་བྱས་ནས་འཕེལ་རྒྱས་གཏོང་བའི་གྲོས་བསྡུར་ཚོགས་འདུའི་ཐོག་ཚང་མས་གང་བསམ་ལྷུག་པོར་གླེང་། བྲག་གཡབ་ནི་ཉི་འོད་ཕོག་ཚད་འདང་ངེས་དང་། སྐམ་རློན་དབྱེ་བ་གསལ་བ། ལོ་རེའི་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི་350ཡིན་པ་དང་། ཀུ་ཤུ་དང་། ཁམ་བུ། སྟར་ཁ། ལི་སོགས་ཤིང་ཏོག་སྣ་ཚོགས་ཐོན་པ་དང་ཤིང་འབྲས་འདེབས་འཛུགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད།

    ལེགས་ཆ་དང་ཞན་ཆ་བསྡུར་རེས་དང་གྲོས་ཞིབ་གང་ལེགས་བྱས་རྗེས་བྲག་གཡབ་རྫོང་གིས་དིལ་དཀར་ལ་དང་། སྟག་རི། རྫ་ཆུའི་རྒྱུད་བཅས་ཀྱི་ཡུག་ཁུལ་3ལ་དཔལ་འབྱོར་ནགས་ཚལ་འདེབས་རྒྱུའི་ཐག་བཅད་པ་རེད།

    འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་རྗེས་བྲག་གཡབ་རྫོང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆུ་འདྲེན་པའི་ཆ་རྐྱེན་ཅུང་ལེགས་པ་སྤྱད་ནས་འདུས་ཚད་ཆེ་བའི་ནགས་ཚལ་འདེབས་འཛུགས་བྱས་ཡོད།

    ལོ་ལྔ་སོང་རྗེས་མུའུ་11985ཟིན་པའི་དཔལ་འབྱོར་ནགས་ཚལ་འཛུགས་སྐྲུན་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། རི་ཀླུང་གང་སར་ཁྱབ་པའི་ནགས་ཤིང་གིས་རི་བོ་སྔོ་ལྗང་དུ་གྱུར་ཏེ་སྣོད་བཅུད་སྲུང་སྐྱོང་ཐུབ་པ་མ་ཟད། བྲག་གཡབ་རྫོང་རྫ་ཆུའི་ངོགས་སུ་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་བསྣན་ཡོད།

    ཐོན་ལས་དར་རྒྱས་ཕྱིན་པ།

    རྫ་ཆུའི་ངོགས་ཀྱི་རི་བོ་དེ་བས་སྔོ་ལྗང་དུ་གྱུར་པ་དང་བསྟུན་ནས་བྲག་གཡབ་རྫོང་གིས“མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་ཡོང་བ་བྱ་རྒྱུའི”ཐོག་མའི་བསམ་འདུན་བརྗེད་མེད། ཉེ་བའི་ལོ་ཤས་རིང་བྲག་གཡབ་རྫོང་གིས“སྲིད་གཞུང་དང་། ཁེ་ལས། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ”གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པས་ཁེ་ལས་དང་ཞིང་དུད་དབར་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཆགས་ཡོད།

    བྲག་གཡབ་རྫོང་དུ་གནས་པའི་ཐོན་ལས་གླིང་གི་རྒྱུད་འདྲེས་སྡོང་ཕྲུག་ཇ་ལོ་ལས་སྣོན་བཟོ་གྲྭར་སླེབས་སྐབས་བཟོ་པ་བཅུ་གྲངས་ཀྱིས་ཐོན་རྫས་ལོགས་སུ་དབྱེ་ནས་ཐུམ་སྒྲིལ་རྒྱག་བཞིན་ཡོད་པ་མཐོང་བྱུང་། 2018ལོའི་ཟླ་7པར་བཀྲ་ཤིས་ཞིང་ནགས་ཀུང་སིས་མ་དངུལ་སྒོར་ཁྲི་26བཏང་ནས་རྒྱུད་འདྲེས་སྡོང་པོའི་ཇ་ལོ་ལས་སྣོན་བཟོ་གྲྭ་བཙུགས་པ་རེད། མིག་སྔར་ལས་སྣོན་བཟོ་གྲྭའི་ལོ་རེའི་ཐོན་རྫས་ཇ་སྒམ་8000ནས་10000བར་ཡིན་པ་དང་། ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་150ནས་ཁྲི་200བར་ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་20ཡི་མི་103ལས་ཞུགས་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    ཇ་ལོ་ལས་སྣོན་བཟོ་གྲྭའི་ཉེ་འགྲམ་དུ་བྲག་གཡབ་རྫོང་ཅུས་ཧྲེང་ཡོན་ཞིང་ཞོར་བཟའ་བཅའ་ལས་སྣོན་ཚད་ཡོད་ཀུང་སིས་མ་དངུལ་བཏང་བའི་ཀུ་ཤུའི་སྐྱུར་ཁུ་ཐོན་སྐྱེད་བཟོ་གྲྭ་ཡོད་པ་དང་དེ་ནི་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བསྐྲུན་པ་ཞིག་ཀྱང་ཡིན། 2019ལོར་བཟོ་གྲྭ་དེས་ཀུ་ཤུ་རྒྱ་མ་རེར་སྒོར་4.3སྤྲད་ནས་ས་གནས་དེ་གའི་ཀུ་ཤུ་ཏུན་ཁྲི་5ཉོས་ཏེ་ཀུ་ཤུའི་སྐྱུར་སྒམ་ཁྲི་6ཐོན་སྐྱེད་བྱས་ཡོད། མིག་སྔར་བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི་ཀུ་ཤུའི་སྐྱུར་ཁུའི་བཏུང་བྱ་སིལ་ཚོང་བྱེད་པ་ཕུད། ཆབ་མདོ་གྲོང་ཁུལ་གྱི་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་དང་ཞིང་ལས་དངུལ་ཁང་གི་དབུལ་སྐྱོར་དྲ་ཚིགས་སུ་གཙོ་བོར་ཕྱིར་ཚོང་བྱེད་ཀྱི་ཡོད། འདི་ལོ་བཟོ་གྲྭ་དེས་ད་དུང་ས་གནས་དེ་གའི་ཀུ་ཤུ་ཏུན་ཁྲི་6ཐེངས་གཅིག་ལ་ཉོ་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

    2017ལོར་བྲག་གཡབ་རྫོང་གི་རྒྱུད་འདྲེས་སྡོང་ཕྲུག་ར་བའི་རྣམ་གྲངས་དེ་འདེན་ཤོད་གྲོང་ཚོར་ལག་བསྟར་བྱས་ཡོད། རྣམ་གྲངས་དེས“ཁེ་ལས་དང་ཞིང་དུད་ཟུང་འབྲེལ”གྱི་བྱ་ཐབས་ལ་བརྟེན་ནས་ས་ཞིང་བརྒྱུད་བཤུག་བྱས་ཏེ་མུའུ་རེར་སྒོར་1000གི་རིན་གོང་ཐོག་ནས་མུའུ་309བརྒྱུད་བཤུག་བྱས་ཡོད། མཁར་སྒང་ཤང་འདེན་ཤོད་གྲོང་ཚོའི་བྱམས་པ་དངོས་གྲུབ་ཁྱིམ་གྱིས་ཁྱོན་ས་ཞིང་མུའུ་9བརྒྱུད་བཤུག་བཏང་བར་ལོ་རེར་བོགས་དངུལ་སྒོར་9000རག་གི་ཡོད། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཞིག་ཡིན་པའི་ཁོང་ད་དུང་སྡོང་ཕྲུག་ར་བའི་བཟོ་པ་ཞིག་ཏུ་གྱུར་ཡོད།

    “སྡོང་ཕྲུག་ར་བའི་ནང་ལོ་གཉིས་ལྷག་ཙམ་ལས་ཀ་བྱས་པས་ད་ཆ་ངས་འདེབས་འཛུགས་དང་ཡལ་བཞུར་རྒྱག་སྟངས་སོགས་ཀྱི་ལག་རྩལ་ཤེས་ཀྱི་ཡོད། ན་ནིང་ད་དུང་ངར་གླ་ཆ་སྒོར་6000ལྷག་ཙམ་རག་བྱུང”ཞེས་བྱམས་པ་དངོས་གྲུབ་ཀྱིས་དགའ་ཚོར་ངང་དེ་ལྟར་བཤད།

    འདེན་ཤོད་གྲོང་ཚོ་ཕུད་བྲག་གཡབ་རྫོང་དཔལ་འབྱོར་ནགས་ཚལ་རྣམ་གྲངས་ད་དུང་དབྱེན་འདུམ་གྲོང་རྡལ་སྤང་དཀར་གྲོང་ཚོར་རི་རྒོད་ས་ཞིང་མུའུ་1083བརྒྱུད་བཤུག་བཏང་ཡོད། རྫོང་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ་གྱི་ལོ་རེའི་ས་ཞིང་བརྒྱུད་བཤུག་གི་འགྲོ་གྲོན་སྒོར་ཁྲི་37.7ཟིན་ནས་དུད་ཚང་67གྱི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    “སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་པར་སྲུང་སྐྱོང་བྱས་པ་ཞིག་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི”འདུ་ཤེས་ལག་བསྟར་བྱས་པ་ཞིག་རེད། དུས་མཚུངས། མུའུ་ཁྲི་ཡི་དཔལ་འབྱོར་ནགས་ཚལ་རྣམ་གྲངས་ཀྱིས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་བཏིང་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་བཅས་མངོན་འགྱུར་བྱེད་པར་སྦྲེལ་མཐུད་ཡག་པོ་ཐུབ་ཡོད། ད་ཆ“སྣོད་བཅུད་ལེགས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ”བཅས་ཀྱི་སྣོད་བཅུད་ཐོན་ལས་ལམ་བུ་ཞིག་བྲག་གཡབ་ཏུ་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།