དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་བསྟན་འཛིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-29

    “བོད་ཀྱི་འབྲུ་མཛོད”ཞེས་འབོད་པའི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རོང་ཁུལ་དུ་གནས་པ་དང་། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་བྱ་ཡུལ་ཞིག་རེད། ལོ་ལྟར་ཟླ་11པ་ནས་ཕྱི་ལོའི་ཟླ་4པ་བར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་དེ་གར་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད།

    འདི་ལོ་ལོ་57ལ་སླེབས་པའི་བསྟན་འཛིན་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་ཞིང་། ཁོང་དང་ནང་མི་སྟག་མགོ་རིའི་ཆུ་མཛོད་དང་བར་ཐག་ཉེ་བའི་མཁར་གདོང་གྲོང་ཚོར་འཚོ་བ་སྐྱེལ་གྱི་ཡོད་ཅིང་། དེ་ཁུལ་ནི་ཁྲུང་ཁྲུང་སྐེ་ནག་གི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད།

    བསྟན་འཛིན་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད། ཁོང་གིས“ཁྲུང་ཁྲུང་སྐེ་ནག་ནི་ངའི་ནང་མི་ལྟ་བུར་བརྩི་གི་ཡོད། ཁོང་ཚོར་སྲུང་སྐྱོང་ཡག་པོ་བྱས་ཏེ་དེ་གར་བདེ་ཐང་དང་སྐྱིད་པོའི་ངང་དགུན་སྒྲོལ་ཐུབ་པར་བྱེད་རྒྱུ་ཡིན”ཞེས་བརྗོད།

    རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཁན་ཞིག་ཡིན་པའི་བསྟན་འཛིན་གྱི་ལས་འགན་གཙོ་བོ་ནི། དམིགས་བསལ་གྱི་མགྲོན་པོ་དེ་དག་ལ་སྣེ་ལེན་ཞུ་རྒྱུ་དེ་ཡིན། ཁོང་གིས“ངའི་ལས་ཀ་ནི་སྐོར་ཞིབ་དང་སྲུང་སྐྱོང་དང་། ཟས་སྟེར་རྒྱུ། སྐྱོབ་རོགས་བཅས་བྱེད་རྒྱུ་མ་ཟད། གཙོ་ཆེ་ཤོས་ནི་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་ཁུལ་དུ་རྒྱུན་གཏན་མིན་པའི་གནས་ཚུལ་ཡོད་མེད་དང་། འཁྱམ་ཁྱི་སོགས་སྲོག་ཆགས་གཞན་གྱིས་ཁྲུང་ཁྲུང་སྐེ་ནག་ལ་གནོད་འཚེ་གཏོང་མིན་སོགས་ལ་བལྟ་རྒྱུ་དེ་རེད། གཞན་ཡང་ད་དུང་ཁྲུང་ཁྲུང་སྐེ་ནག་ལ་རྨས་སྐྱོན་ཕོག་མིན་དང་ན་ཚ་ཡོད་མེད་ལ་དོ་སྣང་བྱེད་ཀྱི་ཡོད”ཅེས་བརྗོད།

    བསྟན་འཛིན་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་རིང་། རྨས་སྐྱོན་ཚབས་ཆེན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་4སྔ་རྗེས་སུ་བསྐྱབས་མྱོང་ཡོད་པ་དང་། སྐྱོབ་བཅོས་བྱེད་ཡུན་རིང་ཤོས་ཀྱི་ཁྲུང་ཁྲུང་སྐེ་ནག་དེ་ཁོང་གི་ཁྱིམ་དུ་ཟླ་8ལྷག་ཙམ་ཉར་ཡོད། རྒྱུན་དུ་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་མཐོང་སྐབས་ཁོང་གིས་འཕྲལ་དུ་ཁྱིམ་དུ་འཁྱེར་ཏེ་སྨན་བཅོས་དང་གསོ་སྐྱོང་བྱེད་ཀྱི་ཡོད།

    བསྟན་འཛིན་གྱི་བཟའ་ཟླ་ཚེ་སྒྲོན་ནི་གསུམ་འཕྲེང་ཤང་ནས་ཡིན་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ཞིག་མིན་ནའང་། ཁོ་མོས་སྟན་འཛིན་གྱི་ལས་ཀར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། དགུན་དུས་སུ་ཁྲུང་ཁྲུང་སྐེ་ནག་དེ་གར་དགུན་སྒྲོལ་བྱེད་པར་ཡོང་སྐབས། ཚེ་སྒྲོལ་ལ་ཡང་བཟའ་ཟླའི་ཤུགས་རྐྱེན་ཐེབས་ཏེ་བསྟན་འཛིན་དང་མཉམ་དུ་འབྲུ་སྟོར་བར་འགྲོ་ཡི་ཡོད། ལོ་ལྟར་གྱི་དཔྱིད་ཀ་ཁྲུང་ཁྲུང་སྐེ་ནག་འཕུར་རྗེས། ཁོ་མོས་རྒྱུན་དུ་རྒྱང་ལྟ་བྱས་ཏེ་ཨ་མ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུ་ཁྱིམ་ལ་ལོག་རྒྱུར་སྒུག་པ་ལྟར་ཉིན་གྲངས་རྩིས་རྒྱག་བཞིན་ཁྲུང་ཁྲུང་སྐེ་ནག་སྒུག་སྡོད་ཀྱི་ཡོད། ཁྲུང་ཁྲུང་སྐེ་ནག་སྒུག་རྒྱུ་དེ་ཁོང་གི་འཚོ་བའི་ནང་གི་མེད་དུ་མི་རུང་བའི་ལས་ཀ་ཞིག་ཏུ་གྱུར།

    ལོ་ལྟར་ཟླ་གསུམ་པའི་ཟླ་དཀྱིལ་ནས་ཟླ་བཞི་པ་བར། ཁྲུང་ཁྲུང་སྐེ་ནག་བྱང་ཐང་དུ་སྐྱེ་འཕེལ་བྱེད་པར་འགྲོ་བ་དང་། སྟོན་དགུན་གྱི་དུས་སུ་ཁྲུང་ཁྲུང་སྐེ་ནག་ཁག་གཅིག་གིས་རང་གི་ཕྲུ་གུ་ཁྲིད་ནས་འཕན་པོ་རོང་དང་ལྷུན་གྲུབ་རྫོང་དུ་ལོག་ཡོང་གི་ཡོད།

    དབྱར་དུས་སུ་ཡང་བསྟན་འཛིན་གྱིས་དེ་གར་ཡོད་པའི་ཁྲུང་ཁྲུང་སྐེ་ནག་ཉུང་ཤས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་བསམ་པ་རྣམ་དག་གི་སྲུང་སྐྱོང་མཁན་ཞིག་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།