ཉེ་དུས། ཞེ་ཁྲེང་ཚོགས་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཅིང་། ཕྱོགས་གཉིས་པོས་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་མཉམ་དུ་བཏིང་བ་རེད། ད་ཐེངས་གྲོས་མཐུན་བཞག་པ་དེས་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་བཏོད་ནས་གྲོང་ཁྱེར་དེའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
རྒྱལ་སྤྱི་དང་རྒྱལ་ནང་གི་སྔོན་སྣེ་ཁྲིད་མཁན་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ཞབས་ཞུའི་ཀུང་སི་ཞིག་ཡིན་པའི་ཞེ་ཁྲེང་ཚོགས་པར་གོ་ལ་ཧྲིལ་པོའི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་ཚོང་གཉེར་གྱི་ལེགས་ཆ་དང་གྲངས་གཞི་ཆེ་མོའི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྣེ་ཁྲིད་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད།
“ད་ཐེངས་ཞེ་ཁྲེང་ཚོགས་པས་ངེད་གྲོང་ཁྱེར་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དེ་ང་ཚོས་ཇོ་མོ་གླང་མའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད”བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་བརྗོད། ཁོང་གིས་ད་ཆ་གཞིས་རྩེས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་དུས་སྐབས་ཡག་ལ་འོས་ཤིང་འཚམ་པས་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དེ་འགོ་འཛུགས་སར་བྱས་ཏེ། རིག་ལྡན་ཡུལ་སྐོར་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། རིག་གནས་དང་ཡུལ་སྐོར་གྱི་དབུལ་སྐྱོར། གྲོང་གསེབ་དར་རྒྱས་སོགས་ཐད་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་སྙིང་དབུས་ནས་འཆང་བཞིན་ཡོད་ཅེས་གསུངས་པ་རེད།
ཞེ་ཁྲེང་ཚོགས་པ་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ལེང་ཅན་ཀྲང་གིས། ཞེ་ཁྲེང་ཚོགས་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཞིས་རྩེའི་ཕུན་སུམ་ཚོགས་པའི་རང་བྱུང་དང་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་ཀྱིས་གཞིས་རྩེ་གྲོང་ཁྱེར་འདི་ཉིད་ཡུལ་སྐོར་ལ་སྐྱོད་པའི་གདམ་ག་དང་པོར་ཧུར་ཐག་བཏོད་ནས་གཞིས་རྩེའི་རིག་གནས་དང་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱེད་པ་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།