དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་ལེགས་ལ་ཁོར་ཡུག་མཛེས་པའི་གྲོང་གསེབ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-03

    འདི་ནི་སྣོད་བཅུད་སྡོད་མལ་དང་འཚམ་པའི་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ཟུར་ཞིག་ཡིན་པ།

    མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོ་བར་ར་ཚོགས་ཆུང་ནི་རྫོང་གྲོང་གི་ཤར་ཕྱོགས་ཀྱི་སྤྱི་ལེ་2ཙམ་གྱི་སར་གནས་ཤིང་། གཞུང་ལམ་གཡས་གཡོན་གྱི་རི་ཀླུང་ཐམས་ཅད་སྔོ་ཐིང་ངེར་གནས་ལ། ནོར་ལུག་ཁྱུ་ཚོགས་སྔོ་ཐིང་ཐིང་གི་རྩྭ་ཐང་དུ་ཅི་དགར་རོལ་བཞིན་མཆིས། ད་ཆ་བར་ར་ཚོགས་ཆུང་གི་མང་ཚོགས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་དེ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མ་བྱས་གོང་གི་སྒོར་9000ལྷག་ཙམ་ནས་སྒོར་16800བར་མང་དུ་སོང་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་3བྱ་སྤྱོད་ཀྱི་འཆར་གཞི་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ། ཀྲེ་ཅང་ཞིང་ཆེན་གྱི་ཉམས་མྱོང་དང་བྱེད་ཐབས་ཡག་པོ་སྔར་བས་ཁྱབ་གདལ་བཏང་ནས་སྣོད་བཅུད་སྡོད་མལ་དང་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡག་པོ་སྐྲུན་དགོས་ཞེས་བསྟན་གནང་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་གསེབ་བསྐྲུན་རྒྱུ་དང་ཟུང་འབྲེལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་རྒྱུའི་བླང་བྱ་གཞིར་བཟུང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས། གྲོང་གསེབ་ཀྱི་རྣམ་པ་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་མངོན་གསལ་དོད་པོས་ལེགས་སུ་སོང་ནས། ཞིང་འབྲོག་ལས་གོང་འཕེལ་དང་། ཞིང་འབྲོག་པར་འབབ་འཕར། ཞིང་འབྲོག་ཁུལ་དར་རྒྱས་བཅས་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

    མལ་གྲོ་གུང་དཀར་རྫོང་སྲིད་གཞུང་གིས་དུས་འགོར་མ་དངུལ་སྒོར་ཁྲི་500བཏང་སྟེ“ཨར་འདམ་ལམ་འདིང་བ་དང་། ལམ་སྒྲོན་བསྒར་བ། ཁོར་ཡུག་མཛེས་བཟོ། སྔོ་སྒྱུར། ཚད་ལྡན་ཅན”ལ་སོགས་པའི་གྲོང་གསེབ་ཀྱི་རྣམ་པ་ལེགས་གཏོང་དང་སྡོད་མལ་ཁོར་ཡུག་ལེགས་གཏོང་གི་དམངས་སེམས་འདུ་འགོད་ཁག་གཅིག་ལག་བསྟར་བྱས་ཡོད། རྫོང་དེས་གད་སྙིགས་རིགས་དབྱེ་བ་ནས་འགོ་བརྩམས་ཏེ་གད་སྙིགས་རིགས་དབྱེའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ་དང་། གད་སྙིགས་དང་མཁོ་ཆས་བརྗེ་བའི་ས་ཚིགས་བཙུགས་ཤིང་། འགྲོ་ལམ་གཙོ་བོར་སྣུམ་ནག་གཞུང་ལམ་བཏིང་བ་དང་དུད་ཚང་གི་བར་དུ་ཨར་འདམ་ལམ་བཏིང་བ་མ་ཟད། ལམ་སྒྲོན་ཡང་བསྒར་བ་རེད། ཕྱོགས་བསྡུས་བཅོས་སྒྲིག་གི་དྲ་མིག་ལྡིར་སོ་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཤིང་། གྲོང་ཚོའི་ཚོགས་ཆུང་གི་བྱེད་སྒོ་ཁང་དང་། བརྔོ་ཚང་། ཕྱེ་འཐག་ཁང་། སྤྱི་པའི་འཁྲུད་ཁང་། སྤྱི་པའི་གསང་སྤྱོད་བཅས་སྐྲུན་པ། ཞིང་པའི་ཁྱིམ་ལུད་གཅིག་སྡུད་གསོག་ཉར་ཁུལ་བཀོད་སྒྲིག་བྱས་ཤིང་། ཁང་པའི་རྒྱབ་མདུན་དུ་ཁམ་སྡོང་དང་། ཀུ་ཤུའི་སྡོང་པོ། ལྕང་སྡོང་སོགས་དཔལ་འབྱོར་སྔོ་སྒྱུར་ཤིང་སྣ་10ཡི་སྡོང་ཕྲུག་རྐང་1000ལྷག་ཙམ་བཏབ་པས་ལྗང་མདོག་ས་ཆ་མུའུ་150མང་དུ་སོང་ཡོད།

    ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་བག་གྲོས། “དུས་རབས་གསར་པར་སླེབས་པས་ལྷ་སས‘ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་བྱེད་པའི’འཐབ་ཇུས་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་པས། གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་མགྱོགས་ལམ་དུ་བསྐྱོད་ཡོད། 2018ལོར་ལྷ་ས་གྲོང་ཨུད་ཀྱིས་སྣོད་བཅུད་ལས་དོན་ཆེད་དོན་ཚན་ཁག་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་སྐུལ་འདེད་བཏང་ཡོད”ཅེས་ངོ་སྤྲོད་བྱས།

    2012ལོར་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་དང་། དེ་བཞིན་སྣོད་བཅུད་གྲོང་རྡལ་གཏོད་འཛུགས་ལས་དོན་སྤེལ་འགོ་ཚུགས་པ་ནས་2019ལོའི་བར། མལ་གྲོ་གུང་དཀར་རྫོང་ཚུད་པའི་ལྷ་ས་གྲོང་ཁྱེར་དུ་ཁྱོན་བསྡོམས་སྲིད་འཛིན་གྲོང་ཚོ་263གྲུབ་འབྲས་ཐོབ་པའི་ངང་གཏོད་འཛུགས་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་མིང་ཐོབ་པ་དང་། ཤང་དང་གྲོང་རྡལ་64གྲུབ་འབྲས་ཐོབ་པའི་ངང་གཏོད་འཛུགས་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་གྱི་མིང་ཐོབ་པ། ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། མལ་གྲོ་གུང་དཀར་རྫོང་། འདམ་གཞུང་རྫོང་། སྙེ་མོ་རྫོང་། ཆུ་ཤུར་རྫོང་བཅས་རྫོང་དང་ཆུས་7གྲུབ་འབྲས་ཐོབ་པའི་ངང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་དང་ཆུས་སུ་གཏོད་འཛུགས་བྱས་པ་དེ་ནི་རང་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གཏོད་འཛུགས་མིང་ཐོབ་པའི་བསྡུར་གྲངས་མཐོ་ཤོས་ཀྱི་ས་ཁུལ་ཡིན་པ་རེད།

    མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ནུས་པའི་གླིང་ཁུལ་བཞི་དང་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་གནས་པའི་གྲོང་ཚོ་དང་གྲོང་ལྷན་20དང་། ཤང་དང་གྲོང་རྡལ་2 རྫོང་དང་ཆུས་1བཅས་ཀྱིས་རེ་ཞུའི་ལས་དོན་སྤེལ་བཞིན་ཡོད་ཅིང་། འདི་ལོར་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གཏོད་འཛུགས་ཀྱི་ལས་དོན་ལེགས་གྲུབ་ཡོང་བར་བརྩོན་ལེན་བྱས་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

    རྒྱལ་ཁབ་ཀྱི་རི་ཆུ་ནགས་ཞིང་མཚོ་མཚེའུ་རྩྭ་ར་བཅས་ཀྱི་ཚོད་ལྟའི་འདུ་འགོད་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་པོ་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་2019ལོའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་168ཀྱི་ཁྲོད་ཨང་དང་པོར་སླེབས་པ་དང་། ཉེ་བའི་ལོ་3ནང་མདུན་གྲལ་གྱི་ཨང་བཞི་པར་སླེབས་ནས་རྒྱལ་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ཡག་ཤོས་ས་ཁུལ་གྱི་གྲས་སུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།