ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱས་པར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཁོར་ཡུག་སྲུང་སྐྱོང་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་ནུས་ཤུགས་ཡོད་རྒུས་གཏིང་ཟབ་སྤེལ་བ་དང་། ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ། ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་སྣང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་དང་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། སྦྱར་ཡིག་འགེལ་བ། བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་ཚོ(གྲོང་ལྷན)དང་། སློབ་གྲྭ དེ་བཞིན་ཁེ་ལས་སུ་བསྐྱོད་དེ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། མིག་སྔའི་བར། རིགས་ཁག་གི་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཡིག་3000ལྷག་ཙམ་དང་ཁོར་ཡུག་སྲུང་སྐྱོང་གི་ཞྭ་མོ་དང་། ཆུ་དམ། པང་རས། ཉི་གདུགས་སོགས་དྲིལ་བསྒྲགས་དངོས་རྫས་1800ལྷག་ཙམ་སྤྲད་པ་དང་། ལག་ཐོགས་ཁ་པར་ཐོག་འཕྲིན་ཐུང་18000ལྷག་ཙམ་བཏང་བ་བཅས་བྱས་པར་མང་ཚོགས་མི་ཐེངས་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་ནས་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་རེད།
ཁྲིམས་འཛིན་ཞིབ་བཤེར་བྱས་ཤིང་། ལྷ་ཉིང་ལྕགས་ལམ་དང་། རྒྱལ་ལམ་219 གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་སྐྲུན་ཡུལ། རོལ་རྩེད་ར་བ་སོགས་གཙོ་གནད་དུ་བྱས་ནས་གད་སྙིགས་གང་བྱུང་དུ་དབྱུག་པ་དང་། གང་སར་ཐལ་རྡུལ་གྱིས་ཁེངས་པ། སྔོ་ཁེབས་ལ་གཏོར་བཤིག་གཏོང་བ། འཛེར་སྒྲ་སོགས་སྣོད་བཅུད་ལ་གཏོར་སྐྱོན་གཏོང་བའི་སྣང་ཚུལ་ལ་དམིགས་ནས་སྣང་རྫོང་གིས་ཁྲིམས་འཛིན་ཞིབ་བཤེར་ཐེངས་13དང་། ལྕགས་ལམ་ལ་ཆེད་དོན་ཞིབ་བཤེར་ཐེངས་14 བྱེ་རྡོ་ར་བར་ཆེད་དོན་ཞིབ་བཤེར་ཐེངས་11 རྒྱལ་ལམ་219ལ་ཆེད་དོན་ཞིབ་བཤེར་ཐེངས་16བཅས་བྱས་ནས་དག་ཐེར་གྱི་བརྡ་ཐོའི་ཡི་གེ་18སྤྲད་པ་དང་། རླངས་འཁོར་ཐེངས་54བཏང་བ། མི་ཐེངས་150མངགས་པ་བཅས་བྱས་པས་ཞིབ་བཤེར་བྱ་ཡུལ་རྣམ་གྲངས་ཚན་པ་ཚང་མས་བླང་བྱ་གཞིར་བཟུང་དུས་བཀག་ལྟར་དག་ཐེར་ལེགས་སྒྲུབ་བྱས་པ་རེད།