ཚེས་4ཉིན་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས《2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། ཆུ་དང་། རླུང་ཁམས་ཆེ་མོ། སྒྲ། ས་རྒྱུ། འགྱེད་འཕྲོ རྩྭ་ཐང་། ནགས་ཚལ། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་གཞི་རྩའི་གནས་ཚུལ་ཚུད་ཡོད་པ་རེད། སྤྱི་བསྒྲགས་ནང་2019ལོར་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་བརྟན་པོ་ཡོད་པས། སྔར་བཞིན་འཛམ་གླིང་ཐོག་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་བསྟན་ཡོད།
བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐན་ཧྭ་ཡིས་2019ལོར་བོད་ཀྱི་གཙང་པོ་དང་ཆུ་བོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆུ་ཁོངས་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད། རྫ་ཆུ་དང་། འབྲི་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི》རིགས་གཉིས་པའི་ཚད་གཞིར་སླེབས་ཡོད་པ་དང་། ཇོ་མོ་གླང་མའི་རོང་ཕུ་ཆུ་བོའི་ཆུའི་སྤུས་ཚད་རིགས་དང་པོའི་ཚད་གཞིར་སླེབས་ཡོད། བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)7སྲིད་འཛིནཀུང་ཧྲུའུ(སྲིད་གཞུང)གནས་ཡུལ་གྲོང་རྡལ་20ཡི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད《ས་འོག་ཆུའི་སྤུས་ཚད་ཚད་གཞི》དང《ས་ངོས་ཆུའི་ཁོར་ཡུག་གི་སྤུས་ཚད་ཚད་གཞི》ཚང་མ་རིགས་གསུམ་པའི་ཚད་གཞིར་སླེབས་ཡོད་ཅེས་ངོ་སྤྲོད་བྱས།
གཞན་ཡང་བོད་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཚང་མའི་ཁོར་ཡུག་མཁའ་རླུང་སྤུས་ཚད《ཁོར་ཡུག་མཁའ་རླུང་གི་སྤུས་ཚད་ཚད་གཞི》རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད་པ་རེད། ཇོ་མོ་གླང་མའི་ས་ཁོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་བཟང་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱུང་ཏེ། 《ཁོར་ཡུག་མཁའ་རླུང་གི་སྤུས་ཚད་ཚད་གཞི》རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད་པ་རེད།
སྤྱི་བསྒྲགས་ནང་། 2019ལོའི་ལོ་མཇུག་བར་བོད་དུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པ་དང་། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད། སྲུང་སྐྱོང་ཁུལ་ནང་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་མང་དུ་ཕྱིན་པ་དང་གཙོད་ཀྱི་གྲངས་འབོར་ཁྲི་20བར་མང་དུ་ཕྱིན་ཡོད་པ་དང་འབྲོང་གི་གྲངས་འབོར་ཁྲི་1བར་མང་དུ་ཕྱིན་པ་བསྟན་ཡོད།