དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-29

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་རིགས་ནི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་ཤིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས་མྱོང་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཕུར་བུ་དོན་གྲུབ་ཀྱིས་ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ལྗོངས་ཡོངས་སུ་གནས་བབ་ཡོད་པ་དང་། རྒྱལ་ནང་དུ་ཤུགས་རྐྱེན་ལྡན་པ། ཕྱི་རྒྱལ་དུ་ཁྲོམ་ར་ཡོད་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་ཡུལ་སྐོར་ཐོན་ལས་ཀྱི་གནས་བབ་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ། སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་པ། ཁྲོམ་རའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ། དམངས་ཕྱུག་པོ་ཆགས་པའི་བྱེད་ནུས་རྒྱུན་མཐུད་མངོན་གསལ་དོད་དུ་ཕྱིན་པ་བཅས་ལས་ཡུལ་སྐོར་ལས་རིགས་ཀྱི་སྐྱོན་བྲལ་་འཕེལ་རྒྱས་ལ་རྣམ་པ་བཟང་པོ་མངོན་བཞིན་ཡོད། 2019ལོར་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་493ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་19.32ཟིན་པ་དེ་དུས་མཚུངས་ལས་14.8%འཕར་ཞིང་། དེས་གྲོང་ཁྱེར་ཡོངས་ཀྱི་2019ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་10.5%ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ཕུར་བུ་དོན་གྲུབ་ཀྱིས། མིག་སྔར་ཀྲུང་དབྱང་གིས་བོད་འདི་ཉིད“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན”དང“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན”བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བ་དང་འབྲེལ། དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཀྱི“ཁུལ་ཡོངས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་དང་འགོག་མེད་ཡུལ་སྐོར་ཁུལ་གཏོད་རྒྱུའི”ཐབས་ཇུས་གལ་ཆེན་གྱིས་ལྷོ་ཁའི་ཡུལ་སྐོར་འཕེལ་རྒྱས་ལ་ཐོབ་པར་དཀའ་བའི་གོ་སྐབས་ཐོབ་པ་དང་། དེའི་ཁར་ལྷ་ཉིང་ལྕགས་ལམ་དང་། རྩེད་གོང་རིམ་མཐོའི་གཞུང་ལམ། ལྷ་ས་ནས་ལྷོ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ། མལ་གྲོ་གུང་དཀར་ནས་ཟངས་རི་བར་གྱི་གཞུང་ལམ་སོགས་འགྲིམ་འགྲུལ་ལམ་ཐིག་གལ་ཆེན་ཤར་གཏོང་ཐུབ་པ་དང་བེད་སྤྱོད་གང་མགྱོགས་བཏང་བ་དེས། ཡུལ་སྐོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགྲིམ་འགྲུལ་གྱི་འཇུར་མིག་རྩ་བའི་ཆ་ནས་ཞི་ལྷོད་དུ་སོང་སྟེ་ལྷོ་ཁའི་ཡུལ་སྐོར་སྤུས་འབོར་གཉིས་ལྡན་དང་མྱུར་ཚད་མགྱོགས་སུ་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད་ཅེས་གསུངས་པ་རེད།

    ཕུར་བུ་དོན་གྲུབ་ཀྱིས། གོམ་སྟབས་རྗེས་མར་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ལྷོ་ཁའི་ཡུལ་སྐོར་ཐོན་ལས་སྤུས་ཚད་དེ་བས་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད། “ཡུལ་སྐོར་+”དང་། “+ཡུལ་སྐོར”གྱི་བསམ་ཕྱོགས་ལྟར་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཡུལ་སྐོར་གྱི་ཐོན་ཁུངས་སྤྱི་འདོམས་ཟླ་སྒྲིལ་བཏང་སྟེ་ཡུལ་སྐོར་གྱི་ལས་རྣམ་གསར་པ་དེ་བས་མང་བ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབང་འདུས་ཀྱིས་གསར་འགོད་པར། “2019ལོར་ང་ཚོས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་རྒྱལ་ཁབ་ཀྱི་ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་རྒྱུའི་དམིགས་ཚད་ལ་དམིགས་ནས། ནམ་དུས་བཞིའི་ཁྱད་ཆོས་མངོན་ཐབས་གང་ལེགས་བྱས་པ་ཡིན”ཞེས་གསུངས།

    དབང་འདུས་ཀྱིས། བོད་ཀྱི་དཔྱིད་ཀ་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་བཞད་དུས་ནས་འགོ་ཚུགས་ཀྱི་ཡོད། ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་སུ། ཉིང་ཁྲི་གྲོང་ཁྱེར་གྱིས་སྐབས་བཅུ་བདུན་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ཉིན་གསུམ་ཁོ་ནར་ཡུལ་སྐོར་བ་མི་ཐེངས་ཁྲི་20ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་4843བྱུང་ཡོད་ཅེས་གསུངས་པ་རེད།

    “དབྱར་ཁ”དང“སྟོན་ཁའི”ཡུལ་སྐོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བྱ་ཡུལ་ཁྱབ་གདལ་དང་གྲོང་ཁྱེར་གྱི་འགྲུལ་པ་འདུ་ས་གཉེར་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཉིང་ཁྲིའི་ཡུལ་སྐོར་ཞབས་ཞུའི་ཐོན་རྫས་སྤུས་ལེགས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད།

    “དགུན་ཁའི”ཡུལ་སྐོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”དང“ཁྲོམ་ར་བརྟན་པོ་དང་། ཡུལ་སྐོར་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ”སོགས་ཡུལ་སྐོར་བྲིན་ཚོང་བྱེད་ཐབས་དང་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་མ་ནུས་ལྡན་གཏོང་བ་དང་། ཁྲོམ་ར་དང་ཁེ་ལས་ཀྱི་གདེང་ཚོད་འཕེལ་བར་བྱས་པ། དགུན་དུས་ཡུལ་སྐོར་བྱེད་ཉུང་བའི་དུས་ཚིགས་སུ་ཡུལ་སྐོར་བ་མང་པོ་ཡོང་རྒྱུར་སྐུལ་འདེད་བཏང་བས་ཉིང་ཁྲིའི་ཡུལ་སྐོར་ལ་མཐོ་རླབས་གསར་པ་ཞིག་འཕྱུར་ཡོད།

    འདི་ལོ་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་ཡོད། དབང་འདུས་ཀྱིས། རིམས་ནད་ཐོན་རྗེས་ཉིང་ཁྲི་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་དུས་ཐོག་ཏུ་མཛེས་ལྗོངས་ཁུལ་དང་། ཕྱི་ཕྱོགས་ལ་གཟིམ་སྒོ་ཕྱེ་བའི་དགོན་སྡེ། གཅིག་སྡུད་ཉར་འཇོག་ཁུལ་ཕུད་པའི་གསོལ་མགྲོན་ཁང་དང་མགྲོན་ཁང་སྒོ་བརྒྱབ་ཡོད། དུས་ཐོག་ཏུ་ཤ་ཚའི་དྲན་སྐུལ་བྱས་ནས་ཉིང་ཁྲིར་ཡུལ་སྐོར་དུ་ཡོང་མཁན་ལ་གནས་སྐབས་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བྱས་པ་དང་། ཡུལ་སྐོར་བས་སྔོན་མངགས་ཕྱིར་སློག་དང་དངུལ་ཕྱིར་སྤྲོད་སོགས་ཀྱི་ལས་དོན་ཁག་ཐག་གཅོད་འོས་འཚམ་བྱས་ནས་ཡུལ་སྐོར་ལ“ཞུ་གཏུག་གཅིག་ཀྱང་མེད་པའི”འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།

    དབང་འདུས་ཀྱིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་སུ་སླེབས་ཡོད་པས། ཉིང་ཁྲི་གྲོང་ཁྱེར་གྱིས་ཉེན་ཁ་གོ་སྐབས་སུ་བསྒྱུར་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པ་དང“སྣོན་འཕྲི་སྒྱུར་བགོས”ཀྱི་བྱེད་ཐབས་ཡག་པོ་སྤྱད་དེ་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསར་འགོད་པར་གསུངས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།