ཉིན་ཤས་གོང་། གསར་འགོད་པས་2020ལོའི་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོར་རང་ལྗོངས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ས་ངོས་ཆུ་དང་། ཁོར་ཡུག་དང་མཁའ་རླུང་། ས་རྒྱུ་སོགས་ཀྱི་སྤུས་ཚད་འཆར་ཅན་ལྟ་ཞིབ་ཚད་ལེན་དང་དེ་བཞིན་ཇོ་མོ་གླང་མ་དང་གནམ་མཚོ་སོགས་དཔེ་མཚོན་ས་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་། འཐེན་བཤེར་ལྟ་ཞིབ་ཚད་ལེན། ལྟ་སྐུལ་ཞིབ་དཔྱད། ཞིབ་བསྡུར་དང་ལྟ་ཞིབ་ཚད་ལེན། འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་བཅས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བས། རིགས་ཁག་གི་གྲངས་གཞི་ཁྲི་19.5རག་ཡོད། རིམ་རྩིས་བྱས་ན། ཁོར་ཡུག་ཁྲིམས་འཛིན་མི་སྣ་མི་ཐེངས་ཁྲི་1.7བཏང་བ་དང་། ཁེ་ལས་ཀྱི་རྣམ་གྲངས་5823ལ་ཞིབ་བཤེར་བྱས་པ། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་235ཞིབ་བཤེར་ཐག་གཅོད་བྱས་པ། དངུལ་ཆད་སྒོར་ཁྲི་1352བཏང་བ་རེད། ཁོར་ཡུག་ཐད་ཀྱི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱེད་ཚད་100%ཟིན་ཡོད་པ་རེད།