དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་སྲུང་སྐྱོང་རྣམ་གྲངས་ལག་ལེན་བསྟར། སྔོ་ལྗང་གཡུ་ལོས་བརྒྱན་པའི་ཞིང་ཁམས་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-06

    “ནགས་འཚམ་སར་ནགས་འཛུགས་པ་དང་། རྩྭ་འཚམ་སར་རྩྭ་འདེབས་པ། ས་རྒོད་འཚམ་སར་རང་སོར་འཇོག་པ”བཅས་ཀྱི་རྩ་དོན་ལྟར། ལྷ་ས་གྲོང་ཁྱེར་གྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ལས་གྲྭ་ལག་བསྟར་བྱས་པས། ལྷ་ས་འདི་ཉིད“རྩི་ཤིང་ལོ་འདབ་རྒྱས་པ་དང་། དུས་བཞི་སྔོ་ལྗང་ལྡན་པ། དུས་གསུམ་མེ་ཏོག་བཞད་པ། གནམ་སྔོ་ཞིང་ཆུ་དྭངས་བ”བཅས་ཀྱི་ལངས་གཟུཌ་རྣམ་པའི་ས་མཐོའི་སྣོད་བཅུད་མེ་ཏོག་ལྡུམ་རའི་གྲོང་ཁྱེར་ཞིག་ཏུ་འགྱུར་བཞིན་ཡོད།

    ལྷོ་ནས་བྱང་དང་ཤར་ནས་ནུབ་བར་གྲོང་ཁྱེར་སྔོ་ལྗང་གིས་བསྐོར་ཡོད། སྔོ་ལྗང་གི་རྣམ་པ་དེ་དག་ནི་ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་དང་།  《ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད(2009-2020ལོ)》དང་། 《ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》 《ལྷ་ས་གྲོང་ཁྱེར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འཆར་འགོད(2018-2020ལོ)》སོགས་འཆར་འགོད་མང་པོ་བརྩི་སྲུང་བྱས་པ་དང་། ལྷ་སས་གཅིག་གྱུར་འཆར་བཀོད་དང་ཕྱོགས་བསྡུས་བཅོས་སྒྲིག གནད་དོན་ཕྱོགས་སྟོན་དུ་བཟུང་བ་དང་གཙོ་གནད་འབུར་ཐོན། སྔོན་ལ་སྲུང་སྐྱོང་དང་སླར་གསོ་དང་བཅོས་སྒྲིག་ཟུང་འབྲེལ། ཆོས་ཉིད་ལ་བརྩི་སྲུང་དང་ཞི་མཐུན་འཕེལ་རྒྱས། ལམ་སྲོལ་གསར་གཏོད་དང་ཟླ་སྒྲིལ་སྤྱི་འདོམས་བཅས་ཀྱི་རྩ་དོན་ལྟར། རི་ཆུ་ནགས་ཞིང་མཚོ་བཅས་ཀྱི་གཞི་གཅིག་རང་བཞིན་དང་མ་ལག་རང་བཞིན་ནས་འགོ་བརྩམས་ཏེ། རི་དང་། ས། ཆུ་བཅས་བཅོས་སྐྱོང་བྱེད་པར་མཉམ་དུ་སྐུལ་འདེད་བཏང་བས་སྣོད་བཅུད་མ་ལག་ཕྱོགས་ཡོངས་ནས་སླར་གསོ་དང་སྲུང་སྐྱོང་ཐུབ་ཡོད་པ་རེད།

    རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ལས་གྲྭའི་ནང་གཙོ་བོ་སྐྱིད་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་བ་དང་། དཀྱིལ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག མཐའ་འཁོར་གྱི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོ་བཅས་སྣོད་བཅུད་སླར་གསོའི་ལས་གྲྭ་ཆེ་གྲས་གསུམ་ཚུད་ཡོད་པ་དང་། དེ་ཆུ་འདོན་ལས་གྲྭ་དང་། སྣོད་བཅུད་ལྟ་ཞིབ་ཚད་ལེན། ཆུ་རྒྱུད་བཅོས་སྐྱོང་། ཤིང་འཛུགས་སྔོ་འགྱུར། གཏེར་རི་སླར་གསོ་སོགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་14དང་འབྲེལ་བ་ཡོད། ས་ཆུ་ཤོར་བ་དང་། ཆུའི་ཐོན་ཁུངས་དཀོན་པ། སྔོ་ཁེབས་ཡག་པོ་མེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་པ་དང་འབྲེལ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། རི་སྟེང་དང་རི་གཤམ། ས་སྟེང་དང་ས་འོག དེ་བཞིན་སྐྱིད་ཆུའི་སྟོད་རྒྱུད་སྨད་རྒྱུད་ཚང་མར་སྲུང་སྐྱོང་དང་། ཕྱོགས་བསྡུས་བཅོས་སྒྲིག བརྒྱུད་རིམ་ལྡན་པའི་སླར་གསོ་བཅས་བྱས་ནས་སྣོད་བཅུད་མ་ལག་ལ་གཞི་གཅིག་རང་བཞིན་གྱི་དོ་དམ་དང་སྲུང་སྐྱོང་བྱས་པས། སྔོ་ཁེབས་ཞན་འགྱུར་གྱི་རྣམ་པ་བཀག་འགོག་ནུས་ལྡན་ཐུབ་ཡོད”ཅེས་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ལི་མིང་ཅན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།

    གྲོང་ཁྱེར་སྔོ་ལྗང་གིས་བསྐོར་བའི་རྣམ་གྲངས་སྤེལ་ཡུལ་དང་ཐག་མི་རིང་བའི་སར་ཡོད་པའི་བྱང་སྐོར་ལམ་གྱི་ལྷོ་ངོས་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྷ་ཀླུ་འདམ་ར་ཡིན་ལ། དྭངས་ཤིང་གཙང་བའི་ཆུ་བོ་དང་། དེའི་ངོགས་གཉིས་ཀྱི་སྔོ་ལྗང་གི་གཡུ་གཞོང་། འཕུར་ལྡིང་གར་ལ་རྩེན་པའི་དུས་བྱ་བཅས་ལས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་གྲུབ་ཡོད།

    “ལྷ་སའི་གློ་བ”ཞེས་འབོད་པའི་ལྷ་ཀླུ་འདམ་ར་ནི་མཐོ་གྲང་འདམ་རའི་སྣོད་བཅུད་མ་ལག་དང་དཔེ་མཚོན་ལྡན་པའི་མཚོ་བོད་ས་མཐོའི་འདམ་ར་ཡིན་པས། ལྷ་སའི་གནམ་གཤིས་སྙོམས་སྒྲིག་དང་། བྱེ་རྡུལ་འགོག་ལེན། གྲོང་ཁྱེར་ནང་ཁུལ་གྱི་མཁའ་རླུང་གི་བཤེར་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད། ལྷ་ཀླུ་འདམ་ར་སྲུང་སྐྱོང་གི་ལས་གྲྭ་དུས་ཐེངས་གསུམ་པ་ལག་བསྟར་བྱས་པ་ལས་གྲོང་ཁུལ་གྱི་འཚོ་བའི་བཙོག་ཆུས་འབབ་རྒྱུད་ལ་སྦགས་བཙོག་ཐེབས་ཤུགས་ཆུང་དུ་ཕྱིན་ཡོད། ལྷ་ཀླུ་འདམ་རའི་ལྟེ་བའི་ཁུལ་གྱི་ཁྱིམ་དུད་གནས་སྤོ་དང་། ཆུ་ལམ་སྣོད་བཅུད་སླར་གསོ། འདམ་རའི་སིམ་འགོག་ལས་གྲྭ འདམ་རྫབ་གཙང་སེལ་ལས་གྲྭ འདམ་རའི་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ལྷ་ཀླུ་འདམ་ར་འདི་ཉིད་ཁོར་ཡུག་ལྟ་ན་སྡུག་པ་དང་། སྒྲིག་ཆས་སྔོན་ཐོན་ཡིན་པ། དོ་དམ་ལས་ཕྱོད་ཆེ་བ། ཕན་ནུས་སྣ་མང་ལྡན་པ་བཅས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་མཛེས་ལྗོངས་ཁུལ་ཞིག་ཏུ་རིམ་གྱིས་འགྱུར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།