ཉིང་ཁྲི་གྲོང་རྡལ་ནས་ཆུ་འཁོར་གྲོང་ཚོའི་བར་སྤྱི་ལེ་8ཀྱི་ལམ་ཐག་ལས་མེད། ལམ་བར་དུ་རྒྱང་རིང་གི་རི་རྩེར་ཁ་བས་བཀླུབས་པ་དང་། ཉེ་འགྲམ་གྱི་རི་སྐེད་ཡུག་སྦྲེལ་དུ་སྐྱེས་པའི་སྡོང་རིང་སེར་ལྡོག་ཏུ་གྱུར་ཅིང་། ལམ་འགྲམ་གྱི་ཞིང་ཁ་སེར་ཐིང་ངེར་གནས།
སྐད་ཆ་ཤོད་ཀྱིན་གྲོང་ཚོར་སླེབས་པ་དང་། འདི་ནི་ཉང་ཆུ་གཙང་པོའི་ཤར་ངོགས་སུ་གནས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ས་མཚམས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་རེད།
མ་དངུལ་སྒོར་ཁྲི་360བཏང་ནས་འདི་ལོར་འཁོར་རྒྱུག་བྱས་མ་ཐག་ཡིན་པའི་ཆུ་འཁོར་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་རའི་ནང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཙོ་ལོས་གསར་འགོད་པར་གྲོང་ཚོའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས།
2010ལོར་ཆུ་འཁོར་གྲོང་ཚོ་འདི་ཉིད་ཉིང་ཁྲི་རྫོང་ཨུད་དང་རྫོང་སྲིད་གཞུང(ད་ལྟའི་བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་ཡིན)གིས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གཏན་འཁེལ་བྱས་པ་དང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་སུ་གཏོགས་ཤིང་མ་དངུལ་སྒོར་ཁྲི་450བཏང་བ་དེ་ནི་ཉིང་ཁྲི་རྫོང་གི་སྔ་ཤོས་འཛུགས་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཡིན་ཞིང་། 2012ལོར་རྣམ་གྲངས་བསྐྲུན་ཟིན་པ་དང་འབྲེལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
ཆུ་འཁོར་གྲོང་ཚོ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་རུ་་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་ཞིང་འབྲོག་པའི་འཚོ་བ་དང་སྡོད་མལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་དང་། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཕྲན་བུ་ཡོང་བ། གྲོང་ཚོ་ཡོངས་ཀྱི“རང་བརྟེན”ནུས་པ་ཆེ་རུ་ཕྲན་བུ་འགྲོ་བ་བཅས་བྱ་ཆེད་རེད།
འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་ནས་གྲོང་ཚོ་དེ་དང་གྲོང་མིའི་འཚོ་བ་དང་འདུ་ཤེས་ལ་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།
རང་བྱུང་ཁོར་ཡུག་སོགས་རྒྱུ་རྐྱེན་སྣ་མང་གིས་ཤུགས་རྐྱེན་ཐེབས་ནས། 2012ལོའི་གོང་དུ་ཉང་ཆུའི་གཙང་པོའི་ཆུ་འཁོར་གྲོང་ཚོའི་རྒྱུད་དུ་བྱེ་འགྱུར་གྱི་གནས་ཚུལ་ཐོན་ནས་གཙང་པོ་རྒྱས་སྐབས་གཙང་ཆུ་ཞིང་ཁར་ཤོར་བ་དང་དུས་མཚུངས་གྲོང་ཚོ་འདི་ཉིད་ཉང་ཆུ་གཙང་པོ་དང་ཡར་ཀླུང་གཙང་པོ་སྦྲེལ་ཁུལ་དུ་གནས་པས་སྐབས་དེ་དུས་ལྷགས་པ་ཆེན་པོ་བརྒྱབ་ཚེ་གང་སར་ཐལ་རྡུལ་འཚུབ་ནས་རྟག་ཏུ་གྲོང་མིའི་ངོ་གདོང་ཐལ་བས་ཁེངས་ཀྱི་ཡོད།
གནས་ཚུལ་དེ་རིགས་ངེས་པར་དུ་འགྱུར་ལྡོག་གཏོང་དགོས་པས་2016ལོར་གྲོང་ཚོའི་ཨུ་ལྷན་གྱིས་གོང་རིམ་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུས་རྗེས། ལོ་དེར་རླུང་འགོག་རྒྱ་ལྕང་འདེབས་འཛུགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་རེད། སྲིད་གཞུང་གིས་མ་འཇོག་དང་མང་ཚོགས་ངལ་རྩོལ་ནང་ཞུགས་པ་བརྒྱུད་ཆུ་འཁོར་གྲོང་ཚོའི་གྲོང་མིས་གཙང་རྒྱུད་ཀྱི་བྱེ་ས་མུའུ་1300ལྷག་ཙམ་དུ་རྒྱ་ལྕང་སྡོང་རྐང་98000འདེབས་འཛུགས་བྱས་པ་རེད།
“2017ལོར་ང་ཚོས་སླར་ཡང་བཟང་པོར་མུའུ་270ཟིན་པའི་ལྗོན་ཤིང་སྡོང་རྐང་ཁྲི་4ཙམ་བཏབ་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཙོ་ལོས་མཛུབ་རྩིས་རྒྱག་བཞིན་དུ“སྐབས་དེ་དུས་མང་ཚོགས་ཀྱིས་ཉིན་རེའི་ངལ་རྩོལ་བྱེད་པའི་གླ་ཆ་སྒོར་200ཟིན་པ་དང་སྡོང་ཕྲུག་བཙོང་ནས་ཁེ་ཕན་སྒོར་ཁྲི་60བྱུང་སྟེ་གྲོང་ཚོའི་དུད་ཚང་37ལ་ཆ་སྙོམས་ཡོང་འབབ་སྒོར་29000བྱུང་ཡོད”ཅེས་བཤད།
ཤིང་འཛུགས་ནགས་བཟོ་བྱས་ཏེ་དེ་གའི་སྣོད་བཅུད་རིམ་བཞིན་སླར་གསོ་བྱུང་ཞིང་། ད་ཆའི་ཆུ་འཁོར་གྲོང་ཚོའི་ལམ་བུ་གཙང་སྦྲ་དོད་པ་དང་། ལྗོན་ཤིང་གིས་ཁེངས་པ། མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ཡོད། དེས་ན་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་གྲོང་ཚོའི་ལམ་བུ་དང་། ལྕགས་རི། ཁྱིམ་ཚང་གི་སྒོ་ར་བཅས་ལེགས་བཅོས་བྱས་ཏེ་འདམ་རའི་སྤྱི་གླིང་དང་། གྲོང་ཚོའི་རིག་གནས་བྱེད་སྒོའི་ཐང་ཆེན། འཕྲོད་བསྟེན་ཁང་། སྤྱི་པའི་གསང་སྤྱོད་བཅས་དང་དེ་བཞིན་ཕྱུགས་ཟོག་གཅིག་སྡུད་གསོ་ཡུལ་བཅས་གསར་དུ་བསྐྲུན་པ་རེད།
བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། དབུལ་སྒྲོལ་ཕྱུག་འགྱུར་བྱེད་པར“སྒུག་བརྟེན་སློང”གསུམ་བྱེད་མི་རུང་བ་དང་ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་མདུན་སྐྱོད་ཧུར་ཐག་བྱེད་དགོས།
འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ཟིན་པའི་2012ལོར་གྲོང་ཚོར་ཞིང་འཕྲུལ་མཉམ་ལས་ཁང་ཞིག་བཙུགས་ནས། གྲོང་ཚོའི་ས་ཞིང་གི་ཞིང་ཆུ་འདྲེན་པ་དང་གཤངས་འབུད་བྱེད་པ་དང་རྨོ་འདེབས་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྤྱད་ཡོད། མཉམ་ལས་ཁང་བཙུགས་ནས་གྲོང་ཚོའི་ངལ་ནུས་ལ་བཅིངས་འགྲོལ་མཐར་ཕྱིན་པ་བཏང་བ་དང་། འཕྲུལ་ཆས་ཀྱིས་ས་ཞིང་ཁོད་སྙོམས་ཏེ་གྲོང་མིར་ཕྱུག་འགྱུར་འབབ་འཕར་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་བྱུང་ཡོད། 2012ལོར་ཆུ་འཁོར་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8000ལྷག་ཙམ་ལས་མེད་ནའང་2018ལོར་སླེབས་སྐབས་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་763.8ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་26186ཟིན་ཡོད། ལོ་7ཡང་མ་འགོར་བའི་ནང་གྲོང་ཚོ་འདི་ཉིད་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་ཡན་ཟིན་པའི་འབྱོར་ཕྱུག་གྲོང་ཚོའི་གྲས་སུ་སླེབས་པ་དང་གྲོང་ཚོའི་ཏང་ཀྲི་པུའུ་ལ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང(ཆུས)བཅས་རིམ་པའི“གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་གྲོང་ཚོ”དང་། “རྩ་སྲ་རྨང་བརྟན”གྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་གྲོང་ཚོ་དང་དེ་བཞིན“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་པ་རེད།