དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ལྗང་སྲུང་སྐྱོང་བྱས་། ཁྱིམ་གཞིས་ལྷག་པར་མཛེས།

  •     སྤེལ་དུས།  2019-10-08

    གྲོང་ཁྱེར་མཛེས་སྡུག་ལྡན་དགོས་ན་སྔོ་ལྗང་ནི་འབྱུང་རྩ་རེད་ལ། མི་སེར་ཕྱུག་པོ་ཆགས་དགོས་ན་རང་བྱུང་ནི་རྩ་བ་རེད། ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་གིས་ལྗང་མདོག་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་འདུ་ཤེས་ལ་དམ་པོར་དམིགས་ཏེ། ནགས་ལས་སྣོད་བཅུད་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་དང་ནགས་ཚལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བས། སྨན་གླིང་རྫོང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། སྣོད་བཅུད་འདུ་འགོད་དང་ནགས་ཚལ་དོ་དམ་སྲུང་སྐྱོང་སོགས་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

    ནུས་ཤུགས་ཡོད་རྒུས་སྔོ་ལྗང་གྲོང་ཁྱེར་བཏོད་པ།

    སྨན་གླིང་རྫོང་ཉང་ཆུ་གཙང་པོའི་ངོགས་ཀྱི་མཛེས་ལྗོངས་ལམ་ཆེན་དུ་སྐྱོད་སྐབས། མིག་མདུན་དུ་མངོན་པ་དང་རྣ་བར་ཐོས་པ་ནི་སྔོ་ལྗང་གི་རྩི་ཤིང་དང་། བྱིའུ་ཆུང་གི་གསུང་སྙན། མེ་ཏོག་གི་དྲི་ཞིམ་བཅས་རེད། མཛེས་ལྗོངས་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག གསར་འགོད་པས་དེ་གར་ཡོང་མཁན་ཡུལ་སྐོར་བའི་སེམས་གཏིང་གི་ཚོར་སྣང“འདི་གའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་འདུག་པས་ཡོང་ན་བྲལ་མི་འདོད་པའི་སྣང་བ་ཞིག་སྟེར་གྱི་འདུག”ཅེས་པ་ཡང་ཡང་གོ་བྱུང་།

    གྲོང་ཁྱེར“མཛེས་སྡུག་ལྡན་པ་དང་སྔོ་ལྗང་ཅན”གྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། སྨན་གླིང་རྫོང་གིས་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ལག་བསྟར་ཧུར་ཐག་བྱས་ཏེ“ཁུལ་ཧྲིལ་པོ་ཡུལ་སྐོར”དམིགས་ཚད་དུ་བྱས་ནས་ནགས་བཟོ་སྔོ་འགྱུར་རིམ་སྤོར་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་རེད། 2019ལོའི་ལོ་སྟོད་དུ་སྨན་གླིང་རྫོང་གིས་རྫོང་ཐད་གཏོགས་ཚན་པ་ཁག་དང་སྡེ་ཚན་ཁག་སྒྲིག་འཛུགས་ཀྱིས་དཔྱིད་དུས་འོས་འགན་ཤིང་འཛུགས་མུའུ་2200བྱས་པ་དང་། ཤང་དང་གྲོང་རྡལ་8དང་། གྲོང་ཚོ་48 དུད་ཚང་3487སྒྲིག་འཛུགས་བྱས་ཏེ་སྒོ་རའི་དཔལ་འབྱོར་གྱི་སྡོང་ཕྲུག་རྐང་24386བཏབ་པར་ཀུ་ཤུ་དང་། ལི། སེའུ་དམར་ཆུང་། ཁམ་བུ་སོགས་ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་464བཏང་ཡོད་པ་རེད།

    ནགས་བཟོ་བྱས་ཏེ་འབབ་འཕར་ལ་སྐུལ་འདེད་བཏང་བ།

    སྣོད་བཅུད་ལེགས་སུ་གཏོང་བ་དང་མང་ཚོགས་ཕྱུག་པོ་ཆགས་པ་བྱ་རྒྱུ་ནི་སྨན་གླིང་རྫོང་གི་གོང་འོག་ཚང་མའི་བསམ་འདུན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་གིས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལ་དམ་པོར་དམིགས་ཏེ་ཁྲོམ་རའི་དགོས་མཁོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཟུང་འབྲེལ་གྱིས་ནགས་ལས་ཐོན་ལས་འཕེལ་རྒྱས་ལ་གཞིས་ཚུགས་པ་དང་། ཁྱད་ལྡན་དཔལ་འབྱོར་གླིང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྫོང་ཡོངས་ཀྱིས་ནགས་བཟོ་སྔོ་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ། ནགས་ཁྲོད་ཀྲུང་ལུགས་སྨན་རྩྭ་སྣ་ཚོགས་འདེབས་འཛུགས་བྱེད་པ་སོགས་གསར་དར་ནགས་ལས་ཐོན་ལས་གསར་གཏོད་ངང་འཕེལ་རྒྱས་གཏོང་བ། ཕྱོགས་ཡོངས་དང་ཟུར་ཚད་མང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རིམ་བཞིན་བཏོད་ནས་སྣ་མང་ཅན་གྱི་ནགས་ལས་ཐོན་ལས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།

    མིག་སྔའི་བར། སྨན་གླིང་རྫོང་གིས་ཁྱོན་བསྡོམས་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་1.05བྱས་པ་དང་། དུད་ཚང་219ལ་ལྗོན་ཤིང་ཡོད་པ་བྱས་པ། མ་དངུལ་སྒོར་དུང་ཕྱུར་3.75བཏང་སྟེ་མུའུ་5170གྱི་སྣོད་བཅུད་སོན་བཟང་སྡོང་ཕྲུག་འདེབས་གསོའི་རྟེན་གཞི་བསྐྲུན་པ། ནགས་ཤིང་མུའུ་6000དང་བོད་སྨན་སྨན་རྒྱུ་མུའུ་1350འདེབས་འཛུགས་བྱས་པས་ནགས་ལས་དཔལ་འབྱོར་ཐད“བརྟན་ཐོག་ཡར་འཕེལ་དང་། བརྟན་ཐོག་ལེགས་འགྱུར། བརྟན་ཐོག་རྩེར་སོན”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།

    ནགས་སྲུང་དོ་དམ་གྱི་ལས་དོན་བརྟན་པོ་སྤེལ་བ།

    ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་གིས་ནགས་ཚལ་མེ་ཟོན་གྱི་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་ནགས་ཚལ་མེ་ཟོན་གྱི་ཡུག་བགོས་འགན་གཙང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ནགས་ཚལ་མེ་ཟོན་གྱི་འབྲེལ་ཡོད་འགན་འཁྲི་རི་ཁོངས་དང་ས་ཁོངས་སུ་དོན་འཁྱོལ་བྱས་ནས། ནགས་ཚལ་མེ་ཟོན་ལས་དོན་གྱི་གཙོ་གནད་གཞི་རིམ་གྲོང་ཚོ་དང་ཚོགས་ཆུང་ལ་གཤམ་སྤྲོད་ཀྱིས་རི་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་། འགན་འཁྲི་འཁུར་མཁན་ཡོད་པ། མེ་ཤོར་ན་གསོད་མཁན་ཡོད་པ་བཅས་བྱས་པ་རེད། དགུན་ཉི་ལྡོག་དུས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་སོགས་གཙོ་གནད་དུས་ཚིགས་སླེབས་རིམ་བཞིན་རྫོང་དེས་ཚོགས་འདུ་འཚོགས་ཏེ་རྫོང་ཡོངས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་བཀོད་སྒྲིག་དང་། ཡུག་བགོས་འགན་འཁུར་གྱི་རྩ་དོན་གཞིར་བཟུང་མི་སྣ་སྒྲིག་འཛུགས་ཀྱིས་ཤང་དང་གྲོང་རྡལ་ཁག་དང་། ཨར་ལས་ཚན་པ། གཙོ་གནད་ལུང་ཤུར་བཅས་སུ་བསྐྱོད་དེ་ནགས་ཚལ་མེ་ཟོན་གྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་བྱས་པའི་བརྒྱུད་རིམ་ནང་། ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཁྲིམས་དང་མི་མཐུན་པའི་ངང་ནགས་ཁྲོད་དུ་སྐྱོད་པའི་བྱེད་སྤྱོད་7རྩད་ཆོད་པ་དང་། ཁྱོན་ནགས་ལས་སྲིད་འཛིན་གྱོད་གཞི་7ཐོ་འགོད་བྱས་པ། འབྲེལ་ཡོད་ཨར་ལས་སྡེ་ཚན་ལ་ཉེས་ཆད་ཁྱོན་སྒོར་ཁྲི་8བཏང་བ་དང་འབྲེལ། འཕྲལ་དུ་ནགས་ཁྲོད་དུ་སྐྱོད་ཆོག་པའི་ལག་ཁྱེར་གསབ་གཉེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    སྣོད་བཅུད་ཁོར་ཡུག་བདེ་འཇགས་འགན་ལེན་བྱ་ཆེད། དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་སླེབས་རིམ་བཞིན་སྨན་གླིང་རྫོང་གིས་2018ལོའི་རྫོང་ཡོངས་ཀྱི་ནགས་ལས་ལས་དོན་དང་དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་དབྱར་རྩྭ་དགུན་འབུ་རྐོ་བའི་ལམ་ལུགས་ལག་བསྟར་ནན་ཏན་དང་། དབྱར་རྩྭ་དགུན་འབུ་རྐོ་བའི་ལག་ཁྱེར་ལོག་ཚོང་དང་། ནང་བཤུག བོགས་གཏོང་། གཡར་བ་བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། ལག་ཁྱེར་མེད་པ་དང་། སྒྲིག་ལམ་མེད་པ། དབྱར་རྩྭ་དགུན་འབུ་མཚམས་འགལ་ནས་རྐོ་བ་སོགས་ཀྱི་བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད། མིག་སྔའི་བར། སྨན་གླིང་རྫོང་གིས་རི་བོར་གཙང་སེལ་ཐེངས་10སྒྲིག་འཛུགས་བྱས་པ་དང་ལག་ཁྱེར་མེད་པའི་དབྱར་རྩྭ་དགུན་འབུ་རྐོ་མཁན་མི་515ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།