དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཆུ་བོ་དང་མཚོ་བཅོས་སྒྲིག་བྱས་ནས་རླབས་སྔོན་འཕྱུར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-15

    “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན་པའི་ངོས་ནས་རང་ལྗོངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཆུའི་ཐོན་ཁུངས་གྲབས་གསོག་མཛོད་དང་སྣོད་བཅུད་སྲུང་ཡོལ་ཁུལ་གལ་ཆེན་རེད། ཆུ་འགོ་དང་སྣོད་བཅུད་ཀྱི་འབྱུང་ཁུངས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།

    མིག་སྔར་རང་ལྗོངས་སུ་ས་ཁོངས་ནང་གི་རྒྱུག་ཁུལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་50ཡན་ཟིན་པའི་ཆུ་བོ་ཁག་6418ཡོད་པ་དེའི་རིང་ཚད་བསྡོམས་སྤྱི་ལེ་ཁྲི་17ལྷག་ཙམ་ཟིན་པ་དང་། མཚོའི་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་2.89ཟིན་པ་དེས་རྒྱལ་ཡོངས་ཀྱི་མཚོའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་ཡོད། འདི་ལོ་ཚུན་རང་ལྗོངས་ཀྱིས་ཆུ་བོ་དང་མཚོ་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཆུ་བོ་དང་མཚོའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ཏེ་རླབས་སྔོན་གཡོ་བའི་མཛེས་ལྗོངས་གང་སར་མཐོང་རྒྱུ་ཡོད་པ་རེད།

    ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་བརྟེན་ནས་མཚོ་དྭངས་གཙང་ཡོང་བ་བྱས་པ།

    འབྲུབ་འགོག་དང་། ཆུ་དཔྱད་ལྟ་ཞིབ་ཚད་ལེན། ཆུ་དཔྱད་ས་གཤིས་ལྟ་ཞིབ་ཚད་ལེན་བཅས་ཀྱི་སྒྲིག་བཀོད་གཏོར་སྐྱོན་གཏོང་རྒྱུ་བཀག་འགོག་བྱས་ནས་ཚན་པ་དང་མི་སྒེར་གང་རུང་ཞིག་ལ་མཚོའི་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་བཀག་སྡོམ་བསླབ་བྱ་དང་ཐེར་འདོན་བྱེད་དབང་ཡོད། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་འཆམ་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆོག་མཆན་གནང་བ་བརྒྱུད། 《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་སྲོལ་ཡིག》ཉེ་ཆར་ཁྱབ་བསྒྲགས་བྱས་ནས་2019ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། འདི་ནི་ཡར་འབྲོག་གཡུ་མཚོར་ལག་ལེན་བསྟར་བའི“ལོ་རྒྱུས་ཐོག་ནན་ཤོས”ཀྱི་སྲུང་སྐྱོང་བྱ་ཐབས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་ཁྱབ་ཁོངས་དེ་ཉིད་བྱེད་ནུས་དང་སྲུང་སྐྱོང་གི་བླང་བྱར་གཞིགས་ནས་ལྟེ་བའི་སྲུང་སྐྱོང་ཁུལ་དང་སྤྱིར་བཏང་སྲུང་སྐྱོང་ཁུལ་གཉིས་ལ་དབྱེ་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་འབྲོག་གཡུ་མཚོའི་ཆུ་ཁོངས་དང་ཆུ་ངོགས་ཀྱི་སྲུང་སྐྱོང་འཆར་འགོད་གཅིག་གྱུར་ཐོག་བཟོས་པ་དང་ཆུ་ངོགས་ཁུལ་དབྱེ་ནས་དོ་དམ་བྱས་ཏེ་ཡར་འབྲོག་གཡུ་མཚོའི་ཆུ་ངོགས་ཀྱི་རང་བྱུང་རྣམ་པ་རང་སོར་གནས་པར་བྱས་ཡོད། ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ནང་འཛུགས་སྐྲུན་རྣམ་གྲངས་ཚོད་འཛིན་ནན་པོ་བྱེད་པ་དང་། ཡར་འབྲོག་གཡུ་མཚོའི་སྣོད་བཅུད་སྲུང་སྐྱོང་དང་། འབྲུབ་འགོག་གེགས་སེལ། ཆུ་སྤུས་ལྟ་ཞིབ་ཚད་ལེན་སོགས་སྤྱི་པའི་སྒྲིག་བཀོད་དང་འབྲེལ་བ་མེད་པའི་རྣམ་གྲངས་འཛུགས་རྒྱུ་བཀག་འགོག་དང་། བཙོག་ཆུ་འབུད་ས་གསར་པ་སྐྲུན་རྒྱུ་བཀག་འགོག ཉ་འཛིན་རྒྱུ་བཀག་འགོག་བཅས་བྱས་ཡོད།

    ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་མ་ལག་ཁྱོན་ཡོངས་ནས་ཆགས་པ།

    ན་ནིང་ནས་བཟུང་རང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ཁྲི་1.3ལྷག་ཙམ་བསྐོ་བཞག་བྱས་ནས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་མ་ལག་བཟོས་ཡོད། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ནུས་ལྡན་བྱེད་ཐབས་དང་གོ་ཆོད་ཐབས་ལམ་འཚོལ་ཞིབ་བྱས་ནས་སྐུལ་འདེད་བཏང་སྟེ་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་རང་ལྗོངས་སུ་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་སྨིན་ཡོང་བར་རམ་འདེགས་བྱས་ཡོད།

    ཆུ་དཔོན་དང་མཚོ་དཔོན་གྱི་ལས་དོན་གཙོ་བོར་རང་ལྗོངས་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོང་དང་། ལྟ་བཤེར། དཔྱད་གླེང་། དྲིལ་བསྒྲགས་སོགས་ལས་དོན་ཁྲོད་རང་མོས་ངང་ཞུགས་པ་དང་ཆུ་བོར་སྐོར་ཞིབ་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་རང་མོས་ལས་སྒྲུབ་བྱེད་དགོས་པ་བཅས་ཚུད་ཡོད།

    རིམ་ཁག་ཆུ་དཔོན་དང་མཚོ་དཔོན་ཚོས་ལས་སྒྲུབ་ཧུར་ཐག་བྱ་ཆེད། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་ཆུ་བོ་དང་མཚོའི་བདག་སྐྱོང་བར་ཁན་སྦྱར་དང་། ཞྭ་མོ། གློག་སྒུལ་སྦག་སྦག་བཅས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ནས་ཆུ་བོ་དང་མཚོའི་སྐོར་ཞིབ་ལས་དོན་ལ་དངོས་པོའི་འགན་ལེན་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་ཧྲི་ཀྲང་གིས་ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཆུ་དཔོན་གྱི་བཀའ་རྒྱ་ཨང་དང་པོར་མིང་རྟགས་བཀོད་ནས་རིམ་ཁག་ཆུ་དཔོན་དང་མཚོ་དཔོན་དང་ཆུ་དཔོན་ལམ་ལུགས་ཀྱི་གཞུང་ལས་ཁང་གི་འབྲེལ་ཡོད་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་ཡོད། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་ཤང(གྲོང་རྡལ)རིམ་པའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་སྐད་འཕྲིན་ཚོགས་པ་བཙུགས་ནས་གོང་རིམ་ཆུ་དཔོན་དང་ཆུ་དཔོན་གཞུང་ལས་ཁང་གིས་འབྲེལ་ཡོད་ཀྱི་ཆུའི་དུམ་བུའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཡོད།

    འདི་ལོ་ནས་བཟུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་ཟུང་འབྲེལ་བྱ་རྒྱུ་ཁྱབ་གདལ་བཏང་ནས་དཔྱད་ཞིབ་དང་། འགན་འཁྲི་བདའ་འདེད། ལྕག་སྐུལ་བཅས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་གྲུབ་བཞིན་ཡོད་པ་རེད།

    “ཟང་ཟིང་བཞི་བཅོས་སྒྲིག”བྱས་ནས་ཆུ་བོ་དང་མཚོ་མོ་སྔོ་ཞིང་དྭངས་བར་བྱས་པ།

    ཆུ་བོ་དང་མཚོའི་དོ་དམ་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཆུ་བོ་དང་མཚོའི་དྭངས་གཙང་སྲུང་སྐྱོང་བྱ་ཆེད། 《རྒྱལ་ཡོངས་ཀྱི་ཆུ་བོ་དང་མཚོའི“ཟང་ཟིང་བཞི་བཅོས་སྒྲིག”གི་ཆེད་དོན་བྱེད་སྤྱོད་སྤེལ་རྒྱུའི་སྐོར་གྱི་ཆུ་བེད་པུའི་གཞུང་ལས་ཁང་གི་བརྡ་ཐོར》གཞིགས་ནས་2018ལོའི་ཟླ་7ཚེས་20ཉིན་ནས་བཟུང་རང་ལྗོངས་ཀྱིས་ལོ་1གི་དུས་ཚོད་སྤྱད་དེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གང་བྱུང་དུ་བཟུང་བ་དང་། གང་བྱུང་དུ་སྔོག་པ། གང་བྱུང་དུ་སྤུངས་པ། གང་བྱུང་དུ་བསྐྲུན་པ་བཅས་ཆུ་བོ་དང་མཚོ་མོ་སྲུང་སྐྱོང་བྱེད་རིང་གི“ཟང་ཟིང་བཞིའི”མངོན་གསལ་དོད་པའི་གནད་དོན་ཆེད་དོན་གཙང་བཤེར་དང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

    “ཆེད་དོན་བྱ་སྤྱོད་དེ་མཐིལ་རྟོགས་གྲལ་བཤེར་དང་། གཅིག་སྡུད་བརྟག་དཔྱད། སྲ་བརྟན་མཐོར་གཏོང་བཅས་དུས་མཚམས་གསུམ་ལ་དབྱེ་ཡོད། ཤེས་རྟོགས་ཐུབ་རིམ་བཞིན་གཙང་སེལ་དང་རྩིས་ཐོ་བསུབ་པའི་བྱེད་སྟངས་སྤྱད་པ་དང་། རྫོང་ཚན་པར་བྱས་ནས་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ་ཆུ་བོ་དང་མཚོའི‘ཟང་ཟིང་བཞིའི’གནད་དོན་ཕྱོགས་ཡོངས་ནས་ཞིབ་བཤེར་གཙང་བཟོ་བྱས་པ་དང་ཆུ་བོ་དང་མཚོ་མོ་ཚང་མའི་གནད་དོན་གྱི་གསལ་ཐོ་བཀོད་ཡོད”ཅེས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི“ཟང་ཟིང་བཞི་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས།

    ཆེད་དོན་བྱ་སྤྱོད་སྤེལ་ཚུན་རང་ལྗོངས་ཀྱིས་རྒྱུག་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1000ཡན་གྱི་ཆུ་བོ་དང་ཆུ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1ཡན་གྱི་མཚོ་མོར་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཡོད།

    ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཏོན་པ་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བའི་བར་དང་། དེ་ནས“ཟང་ཟིང་བཞི་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་ཐོན་པའི་བར་རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཆུ་བོར་སྐོར་ཞིབ་དང་། དོ་དམ། སྲུང་སྐྱོང་། བཅོས་སྐྱོང་བཅས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་པས་ཆུ་བོ་དང་མཚོ་མོ་བཅོས་སྐྱོང་ཐད་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་མངོན་འགྱུར་ཐུབ་པ་དང་ཆུའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཆུ་བོ་དང་མཚོའི་སྤུས་ཚད་རྒྱུན་མཐུད་སྲུང་འཛིན་ཡག་པོ་ཐུབ་ནས་ཆུ་བོ་དལ་གྱིས་རྒྱུག་པ་དང་། དྭངས་ཤིང་གཙང་བ། ཆུ་ངོགས་སྔོ་ལྗང་རྒྱས་པ་བཅས་ཀྱི་མཛེས་ལྗོངས་གང་སར་མཐོང་རྒྱུ་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།