བཀྲ་ཤིས་རྟེན་འབྲེལ་བཟང་བའི་དུས་སྟོན་།
ཞོ་སྟོན་ནི་ལྷ་སའི་གྲ་རྒྱས་ཤོས་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན་ཞིང་། དེ་ནི་བོད་ཀྱི་ལོ་གསར་དང་ཧ་ལམ་མཉམ་གྱི་ཡོད།
ལོ་ལྟར་འབྲས་སྤུངས་དགོན་དུ་གོས་སྐུ་འགྲེམས་པའི་མཛད་སྒོ་གཟབ་རྒྱས་འཚོགས་པ་དེ་ཐོག་ནས་དུས་ཡུན་གཟའ་འཁོར་གཅིག་གི་ལྷ་སའི་ཞོ་སྟོན་དངོས་སུ་འགོ་ཚུགས་པ་མཚོན་གྱི་ཡོད།
གོས་སྐུ་བཤམས་རྗེས་ཞོ་སྟོན་གྱི་བྱེད་སྒོའི་ལྟེ་གནས་ནོར་བུ་གླིང་ཁར་བསྒྱུར་ནས་བྱེད་སྒོ་གཙོ་བོ་ནི་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་དེ་རེད། ལྷ་མོ་ནི་ཀྲུང་གོའི་གར་སྟེགས་ཟློས་གར་གྱི་ཆེས་རྙིང་ཤོས་ཀྱི་ཟློས་གར་གྱི་གྲས་ཤིག་ཡིན་པ་དེར་ལོ་རྒྱུས་ཡུན་རིང་ལྡན་ཞིང་འཁྲབ་སྟོན་གྱི་ཉམས་འགྱུར་ཐུན་མོང་མ་ཡིན་པ་ཞིག་ཡོད།
དེའི་ནང་སྐད་གྲགས་སྔར་ནས་ད་བར་གང་སར་ཁྱབ་པ་ནི་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་། ལྷོ་ཁ་དང་། སྙེ་མོ། སྟོད་ལུང་བདེ་ཆེན་སོགས་ནས་ཡོང་བའི་འབག་དཀར་ལྷ་མོ་དང་། ལྷ་ས་གྲོང་ཁྱེར་གྱི་ཞོལ་ལྷ་མོ་རུ་ཁག་དང་། ངམ་རིང་དང་། རིན་སྤུངས། རྣམ་གླིང་སོགས་ནས་ཡོང་བའི་འབག་སྔོན་ལྷ་མོ་ཚོགས་པ་བཅས་ཡིན་པ་དང་། གཞན་ཡང་ཚེ་མཆོག་གླིང་གི་སྒོར་གཞས་རུ་ཁག་དང་དེ་བཞིན་ཆུ་ཤུར་གྱི་འབྲོང་རྩེད་དང་། ཀོང་པོའི་ལུག་ལྤགས་སྐེད་རྔ་སོགས་ཡོད། ལྷ་མོའི་བརྗོད་དོན་གཙོ་བོ་མང་ཆེ་བ་ནི་བོད་ཀྱི་དམངས་ཁྲོད་ངག་རྒྱུན་དང་ཆོས་ལུགས་ཀྱི་གཏམ་རྒྱུད་སོགས་ནས་བྱུང་བ་དང་། འཁྲབ་སྟོན་བྱེད་སྟངས་ཐད་གྱེར་འདོན་པ་དང་གཞུང་སྲོང་བ་གཉིས་ཡོད་ལ་གཞས་མ་གཏམ་ཟུང་དུ་འབྲེལ་བ་ཡང་ཡོད། འཁྲབ་སྟོན་པས་ཚོས་མདོག་རྣམ་པར་བཀྲ་བའི་འཁྲབ་ཆས་དང་འབག་འདྲ་མིན་སྣ་ཚོགས་གྱོན་ནས་ནོར་བུ་གླིང་ཁར་བསྐྱོད་དེ་དུས་ཡུན་གཟའ་འཁོར་གཅིག་རིང་གི་འཁྲབ་སྟོན་བྱེད་ཀྱི་ཡོད།
ཞོ་སྟོན་རིང་། ལྷ་སའི་གྲོང་མི་དང་མཐའ་འཁོར་གྱི་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ཆང་དང་། ཇ་བསྲུབས་མ། བག་ལེབ། ཞོ་སོགས་འཁྱེར་ནས་ནང་མི་དང་གྲོགས་པོ་གྲོགས་མོ་ཚོགས་དང་མཉམ་དུ་ནོར་བུ་གླིང་ཁའམ་ཡང་ན་རྫོང་རྒྱབ་ཀླུ་ཁང་སོགས་སུ་གླིང་ཁ་གཏོང་བར་བསྐྱོད་དེ་ངོ་མཚར་འགྲན་ཟླ་བྲལ་བའི་ལྷ་མོ་མྱོང་རོལ་བྱེད་པ་དང་། དགའ་སྤྲོ་འཁོལ་བའི་དུས་ཆེན་གྱི་འཚོ་བ་ལོངས་སྤྱོད་བྱེད་ཀྱི་ཡོད།
ཞོ་སྟོན་ནི་གངས་ལྗོངས་ས་མཐོའི་རིག་གནས་ཀྱི་ལོ་རྒྱུས་རིང་ཤོས་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཐེབས་ཤོས། མང་ཚོགས་ཞུགས་ཚད་མང་ཤོས་བཅས་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན་པ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོའི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། 1994ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞོ་སྟོན་གཙོ་གཉེར་བྱས་ཚུན། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཞོ་སྟོན་དེར་དུས་རབས་ཀྱི་ནང་དོན་གསར་པ་ལྡན་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་སྲོལ་རྒྱུན་དང་ངོ་མཚར་ཁྱད་དུ་འཕགས་པའི་དེང་རབས་ཤེས་དཔལ་གཉིས་འོད་མདངས་འཕྲོས་ནས་དུས་ཡུན་རིང་པོའི་ལོ་རྒྱུས་རིག་གནས་དེ་རྒྱུན་འཛིན་དང་གསར་གཏོད་ཁྲོད་དར་རྒྱས་གོང་འཕེལ་ཕྱིན་ནས་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད།
ད་ཆའི་ཞོ་སྟོན་དེ་ལྷ་ས་གྲོང་ཁྱེར་གྱི་སྙིང་སྟོབས་དང་ཕན་ཚུན་འགྲོགས་འདྲེས་བྱུང་སྟེ་གང་ས་ནས་རང་བྱུང་ལ་བརྩི་མཐོང་དང་། གཤིས་འཇམ་སེམས་བཟང་། འཚོ་བར་དགའ་ཞེན། སྒོ་དབྱེ་བསྟུན་མཁས་བཅས་ཀྱི“ལྷ་སའི་སེམས་རྒྱུད”མངོན་པ་དང་། དེ་ནི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པ་དང་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ངོམ་སྟོན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ལ་གྱུར་པ་དང་། མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲགས་ཅན་གྱི་མིང་བྱང་ཞིག་ལ་གྱུར་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་འབད་འཐབ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཟམ་པ་དང་སྒྲོག་ཐག་ལྟ་བུར་གྱུར་ཡོད།
ལྷ་སས་སྔར་བས་ཚོར་སྣང་ཟབ་པ་དང་སྔར་བས་སྤྲོ་སྣང་ལྡན་པའི་ཉམས་འགྱུར་དང་སྔར་བས་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་དང་ཡིད་དབང་འཕྲོག་པའི་གྲོང་ཁྱེར་དེར་སྲུང་སྐྱོང་ཡག་པོ་བྱས་པས། གནའ་ཉམས་དོད་ཅིང་དེང་རབས་ཀྱི་གྲོང་ཁྱེར་འདི་ཉིད་བདེ་སྐྱིད་སྟོན་གྲངས་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པའི་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་ཡོད།
ཡུལ་སྐོར་ལས་རིགས་གྲ་རྒྱས་རྒྱས།
ཞོ་སྟོན་མཛད་སྒོ་འཁྲུག་སེ་འཁྲུག
སྲོལ་རྒྱུན་རོལ་རྩེད་ངོ་མཚར་མཚར།
ལྷ་མོའི་རིག་གནས་དར་སེ་དར།
རྟ་པ་ཆུང་ཆུང་ངར་ཤིག་ཤིག
སོས་དལ་མང་ཚོགས་སྐྱིད་སེ་སྐྱིད།
གསར་དར་རོལ་དབྱངས་སྙན་སེ་སྙན།
ལྷད་མེད་འབྲི་ཞོ་མངར་སིང་སིང་།
ཕྱི་ཟོག་འགྲེམས་སྟོན་འཁྲུག་ཤིག་ཤིག
དེང་རབས་གྱོན་ཆས་མཚར་སེ་མཚར།